དགོན་སྡེ་གཅིག་ལ་སྲིད་བྱུས་གཅིག་ལག་བསྟར་བྱེད་དགོས་ཟེར།

རྒྱ་ནག་གཞུང་གིས་དགོན་སྡེ་གཅིག་ལ་སྲིད་བྱུས་གཅིག་ཅེས་པའི་ཆབ་སྲིད་དྲིལ་བསྒྲགས་འོག་བོད་འཛམ་ཐང་ཕྱོགས་ཀྱི་དགོན་སྡེ་ཁག་ལ་སྔར་ལས་དམ་དྲག་ཆེན་པོ་བྱེད་ཀྱི་ཡོད་འདུག

རྒྱ་ནག་གཞུང་གིས་བོད་འཛམ་ཐང་རྫོང་གི་དགོན་སྡེ་ཁག་ནང་། དགོན་སྡེ་ཁག་ལ་སྲིད་བྱུས་གཅིག་ཟེར་བའི་དྲིལ་བསྒྲགས་འོག གྲྭ་བཙུན་ཚོར་རྒྱ་ནག་གཞུང་གི་སྲིད་བྱུས་དང་རྒྱལ་གཅེས་ཆོས་གཅེས། དགོན་སྡེའི་ཁོར་ཡུག་ནང་བསམ་བློ་དང་ཆབ་སྲིད་རྙོག་ཟིང་མི་ཡོང་བ་དང་། བཅའ་ཁྲིམས་དང་བསྟུན་ནས་རྒྱལ་ཁབ་བདེ་འཇགས་གཅིག་གྱུར་དང་སྤྱི་ཚོགས་རིང་ལུགས་ཡོང་རྒྱུར་སྐུལ་འདེད་གཏོང་བ་ཟེར་བའི་ཆབ་སྲིད་ལས་འགུལ་སྤེལ་བཞིན་ཡོད་འདུག

རྒྱ་ནག་གཞུང་འབྲེལ་རྔ་བ་ཁུལ་རྒྱང་སྒྲོག་ཁང་གིས་སྤེལ་བའི་དེ་འབྲེལ་གནས་ཚུལ་ནང་། ཐེངས་འདིའི་ལས་འགུལ་ཀྱི་དམིགས་ཡུལ་ནི་ཆོས་ལུགས་མི་སྣས་མི་རིགས་ཆོས་ལུགས་སྲིད་བྱུས་ལ་གོ་བ་སྔར་ལས་གཏིང་ཟབ་ལེན་པ་དང་། དགོན་སྡེའི་དགེ་འདུན་པ་ཚོར་རང་རྟོགས་ངང་རྩ་ཁྲིམས་དང་བཅའ་ཁྲིམས་སྲུང་སྐྱོང་བྱ་རྒྱུའི་སློབ་གསོ་དང་། བཅའ་ཁྲིམས་དང་བསྟུན་ནས་རྒྱལ་ཁབ་བདེ་འཇགས་གཅིག་གྱུར་དང་། མི་རིགས་མཐུན་སྒྲིལ་སྲུང་སྐྱོང་བྱེད་པ།རྒྱུན་ལྡན་གྱི་ཆོས་ལུགས་སྒྲིག་ལམ་དང་སྤྱི་ཚོགས་ཞི་མཐུན་བརྟན་བརླིང་ངང་སྲུང་སྐྱོང་བྱེད་པ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་འཆམ་མཐུན་ཡོང་རྒྱུར་སྐུལ་འདེད་གཏོང་བ་བཅས་ཡིན་སྐོར་བརྗོད་འདུག

ཡང་གནད་དོན་དེའི་སྐོར་ལ་འཛམ་ཐང་རྫོང་གཡུ་ཐོག་དགོན་པའི་དོ་དམ་པ་ཚེ་རིང་ཟེར་བ་ཞིག་གིས། དགོན་སྡེ་གཅིག་ལ་སྲིད་བྱུས་གཅིག་ནི་དགོན་པའི་དོ་དམ་འགན་འཁྲི་ཁག་བཞི་དང་མཛེས་སྡུག་ལྡན་པའི་དགོན་སྡེ་གཏོད་པ་བཅས་ཡིན་པ་དང་། ཁོའི་རེ་བར་དགོན་སྡེའི་གྲྭ་བཙུན་ཚོས་མཐུན་སྒྲིལ་ཡར་བརྩོན་དང་།རྒྱལ་གཅེས་ཆོས་གཅེས། སྒྲིག་བཀུར་ཁྲིམས་སྲུང་། བྱང་ཚད་མཐོ་བ་དང་འཇོན་ཐང་ཆེ་བའི་དགོན་སྡེའི་དགེ་འདུན་པ་ཞིག་བྱེད་དགོས། དགོན་སྡེའི་ནང་ཁུལ་དུ་ཁོར་ཡུག་ལ་གཅེས་སྤྲས་བྱས་ནས་གང་བྱུང་འབྱུང་བའི་སྣང་ཚུལ་རྦད་དེ་ཐག་གཅོད་ནན་མོ་བྱ་དགོས་སྐོར་སོགས་བརྗོད་འདུག

ཐེངས་འདིར་རྒྱ་ནག་གཞུང་གིས་དེ་སྔོན་གྱི་ཆབ་སྲིད་དྲིལ་བསྒྲགས་ཀྱི་མིང་མི་འདྲ་བ་ཙམ་ལས། དྲིལ་བསྒྲགས་བྱེད་སྟངས་དང་ལས་འགུལ་སྤེལ་ལུགས་སོགས་གཅིག་པ་ཡིན་པ་དང་། རྒྱ་ནག་གཞུང་གིས་ནམ་རྒྱུན་ནས་བོད་ཁུལ་གྱི་དགོན་སྡེ་ཁག་ནང་བརྟན་བརླིང་དང་ཆོས་ལུགས་ཆབ་སྲིད་དང་མཐུན་དགོས་པ། རྒྱལ་གཅེས་ཆོས་གཅེས་སོགས་རྒྱ་ནག་གི་དམ་དྲགས་སྲིད་བྱུས་དང་འབྲེལ་བའི་དྲིལ་བསྒྲགས་སྣ་ཚོགས་བྱེད་བཞིན་ཡོད་པ་ལྟར། ལོ་ཤས་ནས་བཟུང་རྔ་བ་ཁུལ་སྲིད་གཞུང་གིས་དགོན་པ་ཁག་གི་ནང་སྤྱི་ཚོགས་རིང་ལུགས་ཀྱི་ཡང་སྙིང་རིན་ཐང་དར་སྤེལ་དང་གྲྭ་བཙུན་ཚོར་རྒྱལ་གཅེས་ཆོས་གཅེས་ཀྱི་དྲིན་དྲན་སློབ་གསོ་ཟེར་བའི་ལས་འགུལ་ཤུགས་ཆེར་སྤེལ་ཡོད་པ་མ་ཟད། སྔར་ལོ་རྔ་བ་ཁུལ་གྱི་རྫོང་མང་པོའི་ནང་དགོན་པ་དང་སློབ་གྲྭ་སྡེ་བ་སོགས་ཀྱི་ནང། ང་ཡི་མེས་རྒྱལ་སེམས་ཁུངས་ན་ཡོད་ཅེས་པའི་རྒྱ་ནག་གི་ཆབ་སྲིད་དྲིལ་བསྒྲགས་ལས་འགུལ་ཞིག་ཡོངས་ཁྱབ་དུ་སྤེལ་ཡོད་པ་རེད།

ལོ་མང་རིང་ནས་རྒྱ་ནག་གཞུང་གིས་བོད་ཁུལ་གྱི་དགོན་པ་ཁག་ཏུ་རྒྱལ་གཅེས་ཆོས་གཅེས་ཀྱི་སློབ་གསོ་ཟེར་བ་ཞིག་དྲིལ་བསྒྲགས་བྱེད་ཀྱི་ཡོད་པ་མ་ཟད། དྲིལ་བསྒྲགས་བྱ་འགུལ་དེར་འདོད་མོས་མེད་པའི་དགོན་སྡེ་དང་གྲྭ་བཙུན་མང་པོར་སྲིད་གཞུང་གི་བཀའ་མངགས་དང་ལེན་མ་བྱས་ཚེ་ཁྲིམས་ལྟར་ཐག་གཅོད་ནན་མོ་བྱ་རྒྱུ་ཡིན་པའི་སྡིགས་ར་བསྐུལ་བ་དང་སྦྲགས། བཙན་དབང་གིས་དྲིལ་བསྒྲགས་ཚོགས་འདུ་བསྡུ་ཡི་ཡོད་པ་མ་ཟད། གོང་རིམ་གྱི་བཀའ་དང་ལེན་མ་བྱས་པ་དང་རྒྱབ་འགལ་བྱས་པའི་ཉེས་མིང་འོག་གྲྭ་བཙུན་མང་པོ་ཞིག་ལ་འདྲི་རྩད་བཀག་ཉར་དང་བཙོན་འཇུག་བྱས་པའི་གནས་ཚུལ་ཐོན་ཡོད་པ་མ་ཟད། སྔར་ལོར་ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱིས་རྒྱ་ནག་གཞུང་གིས་བོད་ནང་ཆོས་དད་རང་དབང་ཐད་སྔར་ལས་དམ་དྲག་བྱེད་བཞིན་ཡོད་པའི་སྙན་ཐོ་ཞིག་བཏོན་པའི་ནང་། རྒྱ་ནག་གཞུང་གིས་བོད་རང་སྐྱོང་ལྗོངས་གཙོ་བོར་གྱུར་པའི་བོད་ཀྱི་ས་གནས་ཁག་ཏུ་ཡོད་པའི་དགོན་སྡེ་གྲྭ་ཚང་གི་དཔེ་འཁྲིད་ལ་དམིགས་བསལ་དམ་དྲག་དང་། ཉིན་རེའི་ཆོས་ཕྱོགས་ཀྱི་བྱེད་སྒོ་ཁག་ལ་ཐེ་བྱུས་སོགས་བྱེད་ཀྱི་ཡོད་པ་མ་ཟད། སྲིད་གཞུང་གི་ཆབ་སྲིད་དྲིལ་བསྒྲགས་སྣ་ཚོགས་འོག་གྲྭ་བཙུན་ཁག་གཅིག་ལ་སྡུག་སྦྱོང་མནར་གཅོད་དང་ཁག་ཅིག་ཉེས་མེད་འཛིན་བཟུང་སོགས་བྱས་དང་བྱེད་བཞིན་ཡོད་པ་དང་། གྲྭ་བཙུན་ཁག་ཅིག་ད་ལྟའི་ཆར་གར་སོང་ཆ་མེད་དུ་གྱུར་ཡོད་སྐོར་བརྗོད་ཡོད་པ་རེད།

གསར་འགོད་པ། སངས་རྒྱས་དཀོན་མཆོག

བསྐྱར་བཅོས།: ༢༠༢༠/༠༦/༠༡

Leave a Reply