ཨ་རིས་རྒྱ་ནག་ལ་གོ་མཚོན་ཕྱིར་འཚོང་མཚམས་འཇོག་གི་ཁྲིམས་འཆར་འདོན་རྒྱུ་ཡིན་འདུག

ཨ་རིའི་རྒྱལ་སྲུང་བདེ་འཇགས་ཆེད་ཨ་རིའི་བཟོ་གྲྭ་ཁག་གིས་རྒྱ་ནག་ལ་གོ་མཚོན་ཕྱིར་འཚོང་དང་དམག་དོན་བྱེད་ལས་མཚམས་འཇོག་ཐབས་ཀྱི་ཁྲིམས་འཆར་གསར་བ་ཞིག་འདོན་རྒྱུ་ཡིན་འདུག 

དེ་རིང་རོའུ་ཊར་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན།  བདུན་འདིའི་ནང་ཨ་རིའི་སྤྱི་མཐུན་ཚོགས་པའི་གྲོས་ཚོགས་འཐུས་མི་ཁག་ཅིག་གིས། ཨ་རིའི་མི་མང་ནས་རྒྱ་ནག་གི་དམག་དོན་དང་འབྲེལ་བ་ཡོད་པའི་ཨ་རིའི་གོ་མཚོན་ཕྱིར་ཚོང་བཟོ་སྐྲུན་ཁང་ཁག་ཏུ། མ་དངུལ་འཛུགས་རྒྱུ་མཚམས་འཇོག་དགོས་པའི་ཁྲིམས་འཆར་གསར་པ་ཞིག་ངོ་སྤྲོད་བྱས་ཏེ། ཨ་རི་མི་མང་དང་ཨ་རིའི་གོ་མཚོན་ཕྱིར་ཚོང་གི་སྡེ་ཁག་ནས་མ་འོངས་པར་རྒྱ་ནག་གི་དམག་དོན་དང་འབྲེལ་བའི་བྱེད་ལས་ཁག་མཚམས་འཇོག་ཐབས་ཀྱི་གྲོས་འཆར་གསར་བ་ཞིག་འདོན་རྒྱུ་ཡིན་པ་ཤེས་རྟོག་བྱུང་ཡོད་འདུག

གནས་ཚུལ་དེའི་སྐོར་ལ་ཁྲིམས་འཆར་འདོན་མཁན་ཨ་རིའི་སྤྱི་མཐུན་ཚོགས་པའི་གྲོས་ཚོགས་འཐུས་མི་ཇེམ་བྷན་ཁི་(Jim Banks)ལགས་ཀྱིས། ཨ་རིའི་གྲོས་ཚོགས་ཀྱིས་ཕྱོགས་གཅིག་ནས་ཨ་རིའི་མཚོན་ཆ་ཕྱིར་ཚོང་བཟོ་སྐྲུན་ཁང་ཁག་གིས། ཨ་རིའི་དམག་སྲིད་དར་སྤེལ་ཐད་རམ་འདེགས་བྱས་ཏེ་རྒྱ་ནག་གི་ཁ་གཏད་གཅོག་དགོས་ཟེར་གྱི་ཡོད་པ་དང་། ཕྱོགས་གཞན་ཞིག་ནས་ཨ་རི་མི་མང་གིས་མ་འཛུགས་བྱས་པའི་དངུལ་མང་པོ་རྒྱ་ནག་གི་དམག་མཚོན་བཟོ་གྲ་ཁག་ཏུ་གཏོང་གི་ཡོད་པ་རེད། དེར་བརྟེན། ང་ཚོས་རྒྱལ་སྤྱིའི་སྟེང་རང་ཉིད་ཀྱི་ཁ་གཏད་ལ་མ་དངུལ་གཏོང་མཚམས་འཇོག་དགོས་པ་དང་། རང་གིས་རང་ཉིད་ཕམ་ཉེས་གཏོང་བའི་བྱེད་ལས་ཡོངས་མཚམས་འཇོག་དགོས་ཀྱི་ཡོད། ཅེས་བརྗོད་འདུག

གལ་ཏེ་ཐེངས་འདིའི་ཁྲིམས་འཆར་འདིར་གྲོས་ཚོགས་ནང་རྒྱབ་སྐྱོར་ཐོབ་པ་ཡིན་ན། ཟླ་ ༦ རྗེས་སུ་ཨ་རིའི་ཁྲིམས་སུ་གཏན་འབེབ་བྱུང་གི་ཡོད་པ་དང་། ཁྲིམས་འཆར་འདི་གཏན་འབེབ་བྱུང་བ་ནས་ཨ་རིའི་མཚོན་ཆ་བཟོ་སྐྲུན་ཁང་ཁག་དང་མི་མང་ནས་རྒྱ་ནག་གི་དམག་སྲིད་མཚོན་ཆ་བཟོ་སྐྲུན་ཁང་ཁག་ཏུ་མ་འཛུགས་བྱེད་རྒྱུ་མཚམས་འཇོག་དགོས་ཀྱི་ཡོད་པ་མ་ཟད། དེ་སྔོན་གྱི་མ་དངུལ་ཚང་མ་ཕྱིར་འཐེན་བྱེད་དགོས་ཀྱི་ཡོད་པ་དང་། ཟླ་འདིའི་ཕྱི་ཚེས་ ༢༩ ཉིན་ཨ་རིའི་སྲིད་འཛིན་ཊོམ་ཕུ་མཆོག་གིས་ཀྱང་། ཨ་རིའི་གཞུང་གིས་མི་མང་ནས་རྒྱ་ནག་གི་བཟོ་གྲ་ཁག་ཏུ་མ་འཛུགས་ཀྱི་ཉེན་ཁ་སྲུང་ཐབས་ལ་ཞིབ་འཇུག་དང་།  རྒྱ་ནག་གི་བཟོ་གྲྭ་ཁག་ནས་ཨ་རིའི་ཁྲིམས་དང་རྩིས་ཀྱི་འགྲོ་ལུགས་ནང་ལྟར་ཚོང་རྒྱག་དགོས་པའི་གནོན་ཤུགས་སྤྲོད་རྒྱུ་ཡིན། ཞེས་བརྗོད་ཡོད་པ་རེད།

ཁྲིམས་འཆར་འདི་ནི་ད་ལྟའི་ཆར་ཨ་རིས་རྒྱལ་སྤྱིའི་ཁྲོམ་རའི་མ་རྐང་ཁྲོད་རྒྱ་ནག་ལ་ཚོང་འབྲེལ་དང་འཕྲུལ་རིགས་སོགས་ཀྱི་འཐབ་འཁྲུག་རྒྱ་སྐྱེད་གཏོང་བཞིན་པའི་སྐབས་བྱུང་ཞིང་། དམིགས་བསལ་ཨ་རྒྱ་གཉིས་བར་ཏོག་དབྱིབས་གཉན་རིམས་ཀྱི་འབྱུང་ཁུངས་ཐད་རྩོད་རྙོག་བྱུང་བཞིན་པ་དང་བསྟུན་བྱུང་བ་ཞིག་ཡིན་པ་དང་། ཁྲིམས་འཆར་དེར་ཨ་རིའི་དམངས་གཙོ་ཚོགས་པ་དང་སྤྱི་མཐུན་ཚོགས་པའི་གྲོས་ཚོགས་འཐུས་མི་གཞན་ཚོས་རྒྱབ་སྐྱོབ་ཐོབ་མིན་མ་ངེས་ནའང་། ཁྲིམས་འཆར་དེ་བོད་དང་ཧོང་ཀོང་གཙོས་པའི་ཡུ་གུར་འགྲོ་བ་མིའི་ཐོབ་ཐང་སོགས་སུ་རྒྱབ་སྐྱོར་བྱེད་བཞིན་ཡོད་པ་ལྟར། རྒྱ་ནག་ལ་ཁ་གཏད་ཀྱི་ཁྲིམས་འཆར་ཞིག་ཆགས་ཀྱི་ཡོད་འདུག

ཁྲིམས་འཆར་དེ་ངོ་སྤྲོད་གནང་མཁན་སྤྱི་མཐུན་ཚོགས་པའི་གྲོས་ཚོགས་འཐུས་མི་མཱ་ཁེ་(Mike Gallagher)ལགས་དང་ཇེམ་བྷན་ཁི་(Jim Banks)ལགས། དེ་བཞིན། ཌོ་ལཱ་མལ་ཧྥ་(Doug LaMalfa)བཅས་ཡིན་པ་དང་། ཁྲིམས་འཆར་དེ་ཨ་རིའི་གྲོས་ཚོགས་ནང་ངོ་སྤྲོད་བྱེད་པར་ཨ་རིའི་ནོར་སྲིད་དྲུང་ཆེ་སི་ཊི་ཝི་(Steve Mnuchin)ལགས་ནས། ཨ་རིའི་བཟོ་གྲྭ་ཁག་གིས་རྒྱ་ནག་གི་དམག་དོན་དང་འབྲེལ་བའི་ཚོང་འབྲེལ་གན་རྒྱ་ག་ཚོད་བཞག་ཡོད་སོགས་ལ་ཞིབ་འཇུག་གིས། ཨ་རིའི་མཚོན་ཆ་ཕྱིར་ཚོང་བཟོ་སྐྲུན་ཁང་ཁག་གི་མིང་ཐོ་བཀོད་པའི་ཞིབ་འཇུག་སྙན་ཐོ་ཞིག་ཨ་རིའི་གྲོས་ཚོགས་ལ་ཕུལ་དགོས་ཀྱི་ཡོད་འདུག

གཞན་ཡང་།ཕྱི་ཟླ་ ༥ ཚེས་ ༢༨ ཉིན་ཨ་རིའི་གྲོས་ཚོགས་ཀྱིས་ཡུ་གུར་འགྲོ་བ་མིའི་ཐོབ་ཐང་གི་ཁྲིམས་འཆར་ལ་རྒྱབ་སྐྱོར་གྱིས་དངོས་སུ་ཁྲིམས་ལ་བསྒྱུར་ཡོད་པ་དང་། དེ་བཞིན། ཕྱི་ཟླ་ ༥ ཚེས་ ༢༠ ཉིན་ཨ་རིའི་གྲོས་ཚོགས་གོང་མའི་ནང་རྒྱ་ནག་གི་བཟོ་གྲྭ་ཆེས་གྲས་(Alibaba Group Holding Ltd)དང་ (Baidu Inc.)སོགས་ནས་ཨ་རིའི་ནང་ཁེ་ལས་མ་རྩ་ཉོ་ཚོང་བྱེད་མི་ཆོག་པའི་ཁྲིམས་འཆར་ལ་རྒྱབ་སྐྱོར་ཐོབ་ཡོད་པ་དང་། ཁྲིམས་འཆར་དེས་ཨ་རིའི་ཁྲོམ་རའི་ནང་རྒྱ་ནག་གི་ཉོ་ཚོང་རང་དབང་ཇེ་ཆུང་དུ་བཏང་ཡོད་པ་མ་ཟད། གནད་དོན་དེ་དག་གིས་ད་ལྟའི་ཆར་ཨ་རྒྱ་གཉིས་ཀྱི་འབྲེལ་ལམ་དེ་ཕྱོགས་ཡོངས་ནས་འགྲན་རྩོད་ཤུགས་ཆེར་འགྲོ་དང་འགྲོ་མུས་ཡིན་པ་རེད།

གསར་འགོད་པ། སྐལ་བཟང་སྦྱིན་པ།

བསྐྱར་བཅོས།: ༢༠༢༠/༠༦/༠༡

Leave a Reply

One thought on “ཨ་རིས་རྒྱ་ནག་ལ་གོ་མཚོན་ཕྱིར་འཚོང་མཚམས་འཇོག་གི་ཁྲིམས་འཆར་འདོན་རྒྱུ་ཡིན་འདུག