ཨ་རིའི་ཁྲིམས་འཆར་ནང་བོད་ཆོལ་ཁ་གསུམ་ཚུད་དགོས་པའི་རེ་སྐུལ།  

བོད་ཀྱི་གཞོན་ནུ་ལྷན་ཚོགས་དང་བོད་རང་བཙན་སློབ་ཕྲུག་ཚོགས་པ་གཉིས་ནས་ཉེ་ཆར་ཨ་རིའི་གྲོས་ཚོགས་འོག་མའི་ནང་བོད་རང་སྐྱོང་ལྗོངས་དེ་རང་བཙན་རྒྱལ་ཁབ་ཏུ་ངོས་འཛིན་བྱ་རྒྱུའི་ཁྲིམས་འཆར་ནང་བོད་ཆོལ་ཁ་གསུམ་ཚུད་དགོས་པའི་ཞུ་སྐུལ་བྱེད་བཞིན་འདུག

དེ་རིང་བོད་ཀྱི་གཞོན་ནུ་ལྷན་ཚོགས་དང་བོད་རང་བཙན་སློབ་ཕྲུག་ཚོགས་པས་མཉམ་འབྲེལ་གྱི་ཐོག་ནས་གསར་འགོད་གསལ་བསྒྲགས་ཤིག་སྤེལ་ཏེ། ཉེ་ཆར་ཨ་རིའི་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་སི་ཁོ་ཊི་པེ་རི་(Scott Perry) ལགས་ཀྱིས་གྲོས་ཚོགས་འོག་མའི་ནང་བོད་རང་སྐྱོང་ལྗོངས་ཟེར་བ་དེ་ཉིད་རང་བཙན་རྒྱལ་ཁབ་ཏུ་ངོས་འཛིན་བྱ་རྒྱུའི་ཁྲིམས་འཆར་བཏོན་པ་དེར་དགའ་བསུ་དང་སྦྲགས། སྐུ་ཞབས་པེ་རེ་ལགས་སུ་ཁྲིམས་འཆར་དེའི་ནང་འཁོད་པའི་བོད་རང་སྐྱོང་ལྗོངས་ཟེར་བའི་ཚིག་བརྗོད་དེ་ཉིད་བོད་ཆོལ་ཁ་གསུམ་ལ་བསྐྱར་བཅོས་ཡོང་རྒྱུའི་ཞུ་སྐུལ་བྱེད་བཞིན་ཡོད་སྐོར་བསྒྲགས་སོང་།

གསར་འགོད་གསལ་བསྒྲགས་ཐོག་དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་མགོན་པོ་དོན་གྲུབ་ལགས་ཀྱིས་ཚོགས་པ་གཉིས་ཀྱི་ཟུང་འབྲེལ་བསྒྲགས་གཏམ་སྒྲོག་སྦྱངས་བྱས་པའི་ནང་། ཁྲིམས་འཆར་འདི་ནི་ལོ་ངོ་བདུན་ཅུའི་རིང་བོད་མིས་རང་དབང་རང་བཙན་གྱི་འཐབ་རྩོད་བྱས་པའི་ལོ་རྒྱུས་ཀྱི་རྒྱལ་ཁ་ཞིག་ལ་ངོས་འཛིན་ཞུ་བཞིན་ཡོད་ལ། ཨ་རིའི་མི་མང་གིས་བོད་རང་བཙན་ལ་རྒྱབ་སྐྱོར་དང་བོད་མིའི་བདེན་དོན་འཐབ་རྩོད་ལ་ངོས་འཛིན་ཞུས་པ་ནི་གལ་ཆེའི་གྲུབ་འབྲས་ཤིག་དང་ལོ་རྒྱུས་རང་བཞིན་ཅན་ཞིག་ལ་འགྱུར་ངེས་རེད། ཅེས་དང་། ཁྲིམས་འཆར་(H.R. 6948) དེའི་ནང་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་འོག་ཡོད་པའི་བོད་རང་སྐྱོང་ལྗོངས་ནི་རྒྱ་ནག་དང་འབྲེལ་མེད་ཀྱི་རང་བཙན་གཙང་མའི་རྒྱལ་ཁབ་ཅིག་ལ་ངོས་འཛིན་བྱེད་དགོས་ཞེས་དགོས་འདུན་བཏོན་འདུག་པས། བོད་ཀྱི་གཞོན་ནུ་ལྷན་ཚོགས་དང་བོད་རང་བཙན་སློབ་ཕྲུག་ཚོགས་པ་གཉིས་ནས་གྲོས་ཚོགས་འཐུས་མིའི་ལས་ཁུངས་སུ་འབྲེལ་མཐུད་ཀྱིས། གོང་གི་ཁྲིམས་འཆར་གྱི་ཚིག་དོན་ལ་བསྐྱར་བཅོས་ཀྱིས་ཁྲིམས་འཆར་དེའི་ནང་བོད་ཆོལ་ཁ་གསུམ་ཆ་ཚང་འཇུག་གནང་ཡོང་བའི་རེ་འདུན་ཞུ་བཞིན་ཡོད། ཅེས་བཀོད་ཡོད་འདུག

དེ་བཞིན་ཚོགས་པ་གཉིས་ནས་ད་ཐེངས་ཀྱི་ཁྲིམས་འཆར་དང་འབྲེལ། འཛམ་གླིང་ཡུལ་གྲུ་ཁག་གི་སྲིད་གཞུང་སོ་སོས་འཕྲལ་དུ་རྒྱ་ནག་གཞུང་གི་དབང་འཛིན་སྲིད་བྱུས་ལ་ངོ་རྒོལ་གྱིས་བོད་མིའི་བདེན་དོན་འཐབ་རྩོད་ལ་རྒྱབ་སྐྱོར་དང་། རྒྱ་ནག་གཅིག་གི་སྲིད་བྱུས་སོགས་ལ་དངོས་ཤུགས་བརྒྱུད་གསུམ་ནས་ངོས་ལེན་མི་གནང་རྒྱུ་དང་། རྒྱལ་ཁབ་གཞན་གྱི་གཞུང་དང་གཞུང་འཛིན་མི་སྣ་བཅས་ནས་ཀྱང་འདི་ལྟ་བུའི་ཁྲིམས་འཆར་བཏོན་ཏེ། བོད་དེ་རྒྱ་ནག་ལས་ཐ་དད་དང་དམར་ཤོག་གཞུང་གི་བཙན་འཛུལ་འོག་ཡོད་པའི་རང་བཙན་རྒྱལ་ཁབ་གཅིག་ཡིན་པར་ངོས་འཛིན་བྱ་རྒྱུའི་རེ་སྐུལ་ཞུས་སོང་།

དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་མགོན་པོ་དོན་གྲུབ་ལགས་ཀྱིས། ཁྲིམས་འཆར་འདིའི་ནང་བོད་དེ་རང་བཙན་ཡིན་པ་ངོས་འཛིན་བྱས་པ་དེར་དགའ་བ་སྒོམ་དགོས་པ་རེད། ཡིན་ན་ཡང་ཁྲིམས་འཆར་དེ་འཁྱེར་དུས་བོད་རང་སྐྱོང་ལྗོངས་མ་གཏོགས་འཁོད་མེད་སྟབས། འདས་པའི་ཉིན་གྲངས་བཅུའི་རིང་གཞོན་ནུ་ལྷན་ཚོགས་དང་བོད་རང་བཙན་སློབ་ཕྲུག་ཚོགས་པའི་ངོས་ནས་སྐུ་ཞབས་སི་ཁོ་ཊི་པེ་རི་ལགས་སུ་ཁྲིམས་འཆར་བཏོན་པར་དགའ་བས་ཡོད་ཀྱང་། རྒྱལ་ཁབ་ཀྱི་བདག་དབང་གི་ཆ་ནས་ཚིག་དེ་ཆོལ་གསུམ་གཅིག་ཏུ་བསྒྲིལ་བའི་བོད་ཁྱོན་ཡོངས་འཁོད་རྒྱུའི་འབོད་སྐུལ་ཞུས་པར། ད་ལྟའི་ཆར་ཁྲིམས་འཆར་དེ་གྲོས་ཚོགས་འོག་མའི་ནང་བཏོན་ཟིན་ཡང་། གྲོས་ཚོགས་ཀྱི་ཚོགས་ཆུང་གི་ངོས་ལེན་ཡོད་པའི་ཐོག་ནས་ཁྲིམས་འཆར་གྱི་ཚིག་བརྗོད་ལ་བསྐྱར་ཞིབ་བྱ་རྒྱུའི་གོ་སྐབས་ཡོད་སྟབས། སྐབས་དེར་བསྐྱར་བཅོས་བྱ་རྒྱུའི་ཞལ་བཞེས་གནང་ཡོད་པ་དང་། འབྱུང་འགྱུར་ཚོགས་པ་གཉིས་ཀའི་ངོས་ནས་མུ་མཐུད་ཁྲིམས་འཆར་དེ་དང་འབྲེལ་བའི་ཞུ་འབོད་ལས་འགྲུལ་སྤེལ་རྒྱུའི་འཆར་གཞི་ཡོད་སྐོར་བརྗོད་སོང་།

དེ་བཞིན་བོད་རང་བཙན་སློབ་ཕྲུག་ཚོགས་པའི་སྤྱི་ཁྱབ་ལག་བསྟར་འགན་འཛིན་བོད་མི་མང་སྤྱི་འཐུས་རྡོ་རྗེ་ཚེ་བརྟན་ལགས་ཀྱིས་བརྙན་ལམ་བརྒྱུད་གསར་འགོད་བསལ་བསྒྲགས་སྟེང་། ད་ཐེངས་ཀྱི་ཁྲིམས་འཆར་འདི་ནི་བོད་མིའི་རང་དབང་འཐབ་རྩོད་ཁྲོད་དུ་གོམ་སྟབས་ཆེན་པོ་ཞིག་ཡིན་པ་མ་ཟད། ལོ་རྒྱུས་རང་བཞིན་ཅན་ཞིག་ཡིན་པ་དང་། ཚོགས་པ་གཉིས་ངོས་ནས་ཁྲིམས་འཆར་གྱི་ཚིག་བརྗོད་དང་འབྲེལ་ནས་གྲོས་ཚོགས་འཐུས་མི་སི་ཁོ་ཊི་པེ་རི་ལགས་ལ། ཕྱི་ལོ་ ༡༩༩༡ ལོར་ཨ་རིའི་གྲོས་ཚོགས་ཀྱིས་བོད་ཅེས་པ་བོད་རང་སྐྱོང་ལྗོངས་ཙམ་མ་ཡིན་པར་བོད་ཆོལ་ཁ་གསུམ་ལ་ངོས་འཛིན་བྱས་པའི་ཚིག་ཐོ་གཞིར་བཟུང་། ད་ཐེངས་ཀྱི་ཁྲིམས་འཆར་དེའི་ནང་དུའང་བོད་ཅེས་པ་བོད་ཆོལ་ཁ་གསུམ་ཡོངས་རྫོགས་ལ་ངོས་འཛིན་གནང་རྒྱུའི་འབོད་སྐུལ་ཞུས་ཡོད་སྐོར་བརྗོད་སོང་། དེ་བཞིན། འདས་པའི་ལོ་ངོ་ ༧༠ རིང་ནས་བོད་མི་ཚོས་རྒྱལ་སྤྱིའི་སྤྱི་ཚོགས་ལ་རྒྱ་ནག་གིས་བོད་ནང་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་བཞིན་པ་དང་། རྒྱ་ནག་དམར་ཤོག་གཞུང་ལ་ཡིད་ཆེས་བྱེད་མི་ཉན་པར་ནན་སྐུལ་བྱས་ཡོད་ཀྱང་། རྒྱལ་སྤྱིའི་སྤྱི་ཚོགས་ངོས་ནས་བོད་མིའི་རེ་སྐུལ་ལ་སྣང་འཇོག་བྱས་མེད་སྐོར་དང་། ད་ལྟ་ཏོག་དབྱིབས་ནད་ཡམས་ཀྱི་རྐྱེན་པས་རྒྱལ་སྤྱིའི་ཁྱོན་ཡོངས་ལ་དོ་ཕོག་ཤུགས་ཆེར་ཐེབས་བཞིན་པ་དེ་ནི་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་རྒྱ་ནག་ལ་འགན་འཁྲི་འཁུར་དུ་བཅུག་མེད་པའི་རྒྱུ་མཚན་གྱིས་ཡིན་སྐོར་བརྗོད་སོང་།

ཨ་རིའི་ངོས་ནས་བོད་རང་སྐྱོང་ལྗོངས་རྒྱ་ནག་ལས་ཐ་དད་པ་དང་རང་བཙན་གྱི་རྒྱལ་ཁབ་ཅིག་ཏུ་ངོས་འཛིན་བྱ་རྒྱུའི་ཆོག་མཆན་འབུལ་རྒྱུའི་ཁྲིམས་འཆར་ (H.R.6948-To authorize the President to recognize the Tibet Autonomous Region of the People’s Republic of China as a separate, independent country, and for other purposes) འདི་བཞིན་ཟླ་འདིའི་ཕྱི་ཚེས་ ༡༩ ཉིན་ཨ་རིའི་གྲོས་ཚོགས་འོག་མར་བཏོན་ཏེ། ད་ལྟའི་ཆར་གྲོས་ཚོགས་འོག་མའི་ཕྱི་འབྲེལ་ཚོགས་ཆུང་ལ་བཏང་ཡོད་འདུག སྐུ་ཞབས་སི་ཁོ་ཊི་པེ་རེ་ལགས་ཀྱིས་ད་བར་ཨ་རིའི་བོད་ཐོག་འཛིན་པའི་སྲིད་བྱུས་མཚོན་པའི་བོད་དོན་ཁྲིམས་འཆར་ཁག་ལ་རྒྱབ་སྐྱོར་གནང་མྱོང་ཡོད་པ་མ་ཟད། ད་ལྟ་ཨ་རིའི་གྲོས་ཚོགས་འོག་མའི་ཕྱི་འབྲེལ་ཚོགས་ཆུང་གི་རྒྱུན་ལས་ཀྱང་ཡིན་འདུག

གསར་འགོད་པ། པ་སངས་ཚེ་རིང་།

བསྐྱར་བཅོས།: ༢༠༢༠/༠༦/༠༡

Leave a Reply

One thought on “ཨ་རིའི་ཁྲིམས་འཆར་ནང་བོད་ཆོལ་ཁ་གསུམ་ཚུད་དགོས་པའི་རེ་སྐུལ།  

  1. བསོད་ནམས་རྒྱལ་མཚན།

    ཨ་རིའི་ཁྲིམས་འཆར་དང་གཅིག བོད་ཀྱི་གཞོན་ནུ་ལྷན་ཚོགས་དང་གཉིས། བོད་རང་བཙན་སློབ་ཕྲུག་དང་གསུམ། གཡུ་ཐོག་སྐར་མ་དགེ་ལེགས་དང་བཞི། ཨོ་རྒྱན་སྟོབས་རྒྱལ་དང་ལྔ། ཀླུ་གར་ཇམ་དང་དྲུག མདོ་སྟོད་ཆུ་བཞི་གཱན་དྲུ་དང་བདུན། འཇམ་དབྱངས་ནོར་བུ་དང་བརྒྱད། ཏོག་དབྱིབ་ནད་ཡམས་དང་དགུ། ཐུ ཐུ ཐུ ཐུ ཐུ ཐུ ཐུ ཐུ ཐུ བོད་ཀྱི་གེགས་དབང་བར་ཆད་ཚང་མ་བཟློག་པར་ཤོག 👏