ཨ་རིས་རྒྱ་ནག་ཁེར་རྐྱང་དུ་འཕུད་རྩིས་འདུག་ཟེར།

ཨ་རིའི་སྲིད་འཛིན་ཊོམ་ཕུ་མཆོག་ནས་སྟོབས་ལྡན་རྒྱལ་ཁབ་ ༧ གྱི་ཚོགས་འདུའི་ཐོག་མཐུན་ཕྱོགས་རྒྱལ་ཁབ་གཞན་བཞིའང་གདན་ཞུ་གནང་འཆར་ཡོད་འདུག

ཁ་སང་ཕྱི་ཚེས་ ༣༡ ཉིན་རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་ཏུ།  ཨ་རིའི་སྲིད་འཛིན་ཊོམ་ཕུ་མཆོག་ནས་འཚོག་འཆར་ཡོད་པའི་སྟོབས་ལྡན་རྒྱལ་ཁབ་བདུན་ (G7) གྱི་ཚོགས་འདུའི་ཐོག་རྒྱ་གར་དང་ཨོ་གླིང་། ལྷོ་ཀོ་རི་ཡ་དང་ར་ཤི་ཡ་བཅས་གདན་ཞུ་བྱ་འཆར་ཡོད་སྐོར་གསུངས་ཡོད་འདུག་ལ། གནད་དོན་དབྱེ་ཞིབ་པ་ཚོས་དེ་ནི་ཨ་རིས་རྒྱལ་ཁབ་སྟོབས་ཆེན་ཁག་དང་མཉམ་འབྲེལ་གྱིས་རྒྱ་ནག་ཁེར་རྐྱང་དུ་འཕུད་ཐབས་ཤིག་ཡིན་པའི་ཚོད་དཔག་བྱེད་ཀྱི་འདུག

སྲིད་འཛིན་ཊོམ་ཕུ་མཆོག་ནས་ཧྥ་རན་སི་དང་འཇར་མན། ཨ་རི། དབྱིན་ཇི། ཁེ་ན་ཌ། ཨེ་ཊ་ལེ། ཉི་ཧོང་བཅས་ ད་ཡོད་སྟོབས་ལྡན་རྒྱལ་ཁབ་བདུན་དེ་རྒྱལ་ཁབ་བཅུ་གཅིག་ཏུ་བསྒྱུར་རྒྱུ་ཡིན་མིན་ཐད་གང་ཡང་གསལ་ཁ་གནང་མེད་ནའང་། རྒྱལ་ཁབ་བདུན་དང་འབྲེལ་ནས་དེ་ནི་ཧ་ཅང་དུས་དང་མི་འཚམ་པར་གསུངས་ཏེ། རྒྱ་གར་དང་ཨོ་གླིང་། ལྷོ་ཀོ་རི་ཡ་དང་ར་ཤི་ཡ་བཅས་གདན་ཞུ་བྱ་འཆར་ཡོད་སྐོར་གསུངས་འདུག་ལ།

ཨ་རིའི་ཕོ་བྲང་དཀར་པོའི་མགྲིན་ཚབ་མ་ཨེ་ལི་སཱ་ཧྥ་རཱ་ (Alyssa Farah) ཡིས་གསར་འགོད་གསལ་བསྒྲགས་ཤིག་གི་སྐབས། སྲིད་འཛིན་ཊོམ་ཕུ་མཆོག་ནས་ཚོགས་འདུའི་ཐོག་རྒྱ་ནག་གི་ཐོག་གྲོས་བསྡུར་བྱ་རྒྱུ་དང་། པེ་ཅིན་དང་ཝ་ཤིན་ཊོན་གཉིས་བར་ཧོང་ཀོང་དང་ཏོག་དབྱིབས་ནད་ཡམས་ལ་བརྟེན་ནས་བྱུང་བའི་ཕྱོགས་གཉིས་བར་གྱི་ཛ་དྲག་གི་གནས་སྟངས་ཐད་གྲོས་བསྡུར་གནང་རྩིས་ཡོད་སྐོར་བརྗོད་འདུག་ལ། ཐོག་མའི་འཆར་གཞི་ལྟར་ན། ཚོགས་འདུ་དེ་ཟླ་འདིའི་ཕྱི་ཚེས་ ༡༠ ནས་ ༡༢ བར་ཨ་རིའི་ནང་འཚོག་འཆར་ཡོད་ནའང་ནད་ཡམས་ཀྱི་རྐྱེན་པས། འདི་ལོའི་ཕྱི་ཟླ་ ༩ པའམ་ཡང་ན་དེའི་རྗེས་ཙམ་ལ་འཚོགས་འཆར་ཡོད་འདུག

གསར་དུ་གདན་ཞུ་གནང་འཆར་ཡོད་པའི་ལྷོ་ཀོ་རི་ཡ་དང་ཨོ་གླིང་གཉིས་ནི་ཨ་རིའི་ཡུན་རིང་གི་མཐུན་ཕྱོགས་རྒྱལ་ཁབ་གཉིས་ཡིན་པ་དང་། རྒྱལ་ཁབ་དེ་གཉིས་ཀྱི་རྒྱལ་སྲུང་ཐད་ཨ་རིའི་རོགས་སྐྱོར་ཤུགས་ཆེན་བྱེད་ཀྱི་ཡོད་ལ། ཉེ་ཆར་ཨོ་གླིང་གིས་ཏོག་དབྱིབས་ནད་ཡམས་ཀྱི་འབྱུང་ཁུངས་དང་འབྲེལ་ནས་རང་དབང་གིས་རྒྱ་ནག་ནང་རྟོག་ཞིབ་བྱེད་པའི་གྲོས་གཞི་བཏོན་ཡོད་པ་རེད། དེ་བཞིན་རྒྱ་གར་ལ་མཚོན་ནའང་ཉེ་ཆར་ནས་བཟུང་བོད་དང་རྒྱ་གར་གྱི་ས་མཚམས་དང་འབྲེལ་ནས་རྒྱ་དཀར་ནག་གཉིས་བར་རྩོད་རྙོག་ཤུགས་ཆེ་རུ་འགྲོ་བཞིན་ཡོད་པ་མ་ཟད། ཞི་བདེ་རྒྱ་མཚོའི་ཁུལ་དུ་ཨ་རི་དང་རྒྱ་གར་ནི་མཐུན་གྲོགས་ཆེན་པོ་གཉིས་ཡིན་པ་རེད། ར་ཤི་ཡ་ནི་དེ་སྔོན་རྒྱལ་ཁབ་བརྒྱད་ (G8) ཀྱི་ཁོངས་གཏོགས་ཡིན་ནའང་ཕྱིས་སུ་ཁཱེར་མེ་ཡཱ་ (Crimea) དང་ཡོ་ཁུ་རེན་ (Ukraine) གཉིས་ལ་བཙན་འཛུལ་བྱས་པར་བརྟེན། ཕྱི་ལོ་ ༢༠༡༤ ལོར་ཕྱིར་འཕུད་བཏང་སྟེ་ད་ལྟའི་རྒྱལ་ཁབ་བདུན་ (G7) དུ་གྱུར་བ་དང་། དཔལ་འབྱོར་དང་ཕྱི་འབྲེལ་གྱི་ཐད་ནས་རྒྱ་ནག་གི་མཐུན་གྲོགས་རྒྱལ་ཁབ་ཅིག་ཡིན་པ་རེད།

གནད་དོན་དབྱེ་ཞིབ་པ་ཚོས། ཝ་ཤིན་ཊོན་གྱིས་རང་ཉིད་ཀྱི་མཐུན་ཕྱོགས་རྒྱལ་ཁབ་ཚོའི་རྒྱབ་སྐྱོར་ཐོབ་ཐབས་བྱས་ཏེ། རྒྱ་ནག་ཁེར་རྐྱང་དུ་འཕུད་ཐབས་དང་།  རྒྱ་ནག་གཞུང་ལ་རྒྱལ་སྤྱིའི་རང་བཞིན་ཏུ་གྱུར་བའི་ཏོག་དབྱིབས་ནད་ཡམས་ལ་འགན་ལེན་ཡོད་པའི་བརྡ་ལན་སྤྲོད་ཀྱི་ཡོད་པ་དང་། རྒྱལ་སྤྱིའི་ཚོགས་སྡེ་ཆེ་ཁག་གི་ནང་ནས་རྒྱ་ནག་ཁེར་རྐྱང་དུ་ཕུད་པ་ཡིན་ན་བློ་ཕམ་ཁ་སྐྱེངས་ཀྱི་གནས་སུ་ལྷུང་ངེས་པའི་ཚོད་དཔག་བྱེད་ཀྱི་ཡོད་ནའང་། ཡང་ཁག་ཅིག་གིས་ད་ལྟ་ཨ་རིའི་ནང་གི་དཀའ་རྙོག་མང་དག་ཞིག་ལ་བརྟེན། རྒྱལ་ཁབ་ཀྱི་དབང་ཤུགས་དང་སྣེ་ཁྲིད་ཀྱི་ནུས་པ་ཇེ་ཞན་དུ་ཕྱིན་ཡོད་པ་དང་། རྒྱལ་སྤྱིའི་གནད་དོན་ཐོག་ཤུགས་རྐྱེན་ཆུང་དུ་འགྲོ་ངེས་པས། རྒྱལ་ཁབ་གཞན་གྱིས་རྒྱ་ནག་ཟུར་དུ་བཞག་སྟེ་ཨ་རིའི་ཕྱོགས་སུ་མི་འགྲོ་བ་དང་། ཨ་རིས་རྒྱ་ནག་ལ་ཁ་གཏད་གཅོག་པའི་མཐུན་ཕྱོགས་རྒྱལ་ཁབ་ཀྱི་ཤོག་ཁག་ཅིག་འཛུགས་ཐུབ་རྒྱུ་ནི་ཉིན་མོའི་རྨི་ལམ་ཙམ་ཡིན་པའི་ཚོད་དཔག་བྱེད་ཀྱི་འདུག

རྒྱ་ནག་གི་དཔལ་འབྱོར་དང་འཕྲུལ་ལས་རིག་རྩལ། ཡུལ་བབ་སྲིད་བྱུས་སོགས་རྒྱལ་སྤྱིའི་ཐོག་སྟོབས་ཤུགས་ཆེ་རུ་འགྲོ་བཞིན་ཡོད་ནའང་། དམངས་གཙོའི་རྒྱལ་ཁབ་ཁག་ཅིག་གིས་དེར་གདོང་ལེན་བྱེད་མགོ་འཛུགས་བཞིན་ཡོད་པ་རེད། དེའི་དཔེ་མཚོན་ཆེན་པོ་ཞིག་ནི་བདུན་ཕྲག་སྔོན་མའི་ནང་དབྱིན་ཡུལ་གཞུང་གིས་བསྒྲགས་གཏམ་ཞིག་སྤེལ་བའི་ནང་། ཨ་རིའི་གཞུང་གི་གཙོས་རྒྱལ་ཁབ་ ༡༠ ཙམ་གྱིས་རྒྱ་ནག་ལ་བརྟེན་མི་དགོས་པའི་ཤུགས་ཚད་ ༥ པའི་དྲ་ལམ་ (5G networks) བཟོ་འཆར་ཡོད་སྐོར་བརྗོད་ཡོད་པ་རེད།

གསར་འགོད་པ། ཀླུ་མགོན་ཐར།

བསྐྱར་བཅོས།: ༢༠༢༠/༠༦/༠༡

Leave a Reply

One thought on “ཨ་རིས་རྒྱ་ནག་ཁེར་རྐྱང་དུ་འཕུད་རྩིས་འདུག་ཟེར།