ཀོང་གྷོ་ཡུལ་དུ་ཡང་བསྐྱར་ཨེ་བྷོ་ལ་ནད་ཡམས་ཐོན།

ཨ་ཧྥེ་རི་ཁའི་ཀོང་གྷོ་ཡུལ་གྱི་ནུབ་བརྒྱུད་དུ་ཨེ་བྷོ་ལ་ནད་ཡམས་བསྐྱར་དུ་བྱུང་བར་བརྟེན་འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ནས་འཕྲོད་ལས་ཞིབ་འཇུག་པ་ཆེད་གཏོང་བྱས་ཡོད་འདུགའཛམ་གླིང་འཕྲོད་བསྟེན་ལྷན་ཚོགས་ཀྱི་གཞུང་འབྲེལ་དྲ་རྒྱའི་ཐོག་སྤེལ་བའི་གནས་ཚུལ་ལྟར་ན། ཁ་སང་ཨ་ཧྥེ་རི་ཁའི་གླིང་ཕྲན་ཀོང་གྷོ་ (Congo) གཞུང་གིས་ཡུལ་དེའི་ནུབ་བརྒྱུད་ཨི་ཁུ་ཝེ་ཊར་(Equateur) ཞིང་ཆེན་གྱི་ཨམ་བྷན་དྷ་ཀ་ (Abandaka) གྲོང་ཁྱེར་དུ། རྒྱལ་ཡོངས་ནང་སྟངས་འཛིན་ཟིན་ལ་ཉེ་བའི་ཨེ་བྷོ་ལ་ནད་ཡམས་དེ་བསྐྱར་དུ་ཐོན་མགོ་བཙུགས་ཏེ། གྲོང་ཁྱེར་དེའི་ཝ་གྷན་ཏ་ (Waganta) ཁུལ་དུ་མི་གྲངས་དྲུག་ལ་ནད་ཡམས་དེ་ཕོག་པའི་ཁྲོད་ནས་བཞི་རྐྱེན་འདས་སུ་སོང་ཟིན་སྐོར་བསྒྲགས་འདུག

ཨེ་བྷོ་ལའི་ནད་ཡམས་དང་འབྲེལ་འཛམ་གླིང་འཕྲོད་བསྟེན་ལྷན་ཚོགས་ཀྱི་སྤྱི་ཁྱབ་འགན་འཛིན་ཊེ་ཌོ་རི་སི་ (Tedros Adhanom) ཡིས། ད་ལྟའི་ཆར་ཏོག་དབྱིབས་ནད་ཡམས་དེ་འཛམ་གླིང་ལ་འཕྲད་བཞིན་པའི་འཕྲོད་བསྟེན་གྱི་དཀའ་ངལ་ཁོ་ན་དེ་མིན་སྟབས། འཛམ་གླིང་འཕྲོད་ལྷན་ཚོགས་ངོས་ནས་ཏོག་དབྱིབས་ནད་ཡམས་ལ་དོ་སྣང་དམིགས་བསལ་བྱེད་བཞིན་པའི་ཐོག འཕྲོད་བསྟེན་གྱི་གནད་དོན་གཞན་གྱི་ཐོག་ལའང་རྟོག་ཞིབ་དང་ཁ་གཏད་གཅོག་མུས་ཡིན་སྐོར་དང་། ད་ལྟ་ཀོང་གྷོ་ཡུལ་དུ་ཐོན་པའི་ཨེ་བྷོ་ལའི་གནས་སྟངས་རྒྱུས་ལོན་དང་ཁ་གཏད་ཆེད་འཕྲོད་བསྟེན་ལྷན་ཚོགས་ངོས་ནས་འཕྲོད་ལས་པའི་རུ་ཁག་ཅིག་ཡུལ་དངོས་སུ་ཆེད་གཏོང་བྱས་ཡོད་སྐོར་བསྒྲགས་འདུག

ནད་ཡམས་དེ་ནི་ཕྱི་ལོ་ ༡༩༧༦ ནས་ད་བར་ཀོང་གྷོ་ཡུལ་དུ་ཨེ་བྷོ་ལ་ནད་ཡམས་ཐོན་ཐེངས་ ༡༡ པ་དེ་ཡིན་ཞིང་། ཨམ་བྷན་དྷ་ཀ་གྲོང་ཁྱེར་དུ་ཐེངས་ ༩ པ་དེ་ཆགས་ཡོད་འདུག འདས་པའི་ལོ་གཉིས་ནང་ཀོང་གྷའི་བྱང་བརྒྱུད་དུ་ཨེ་བྷོ་ལའི་ནད་ཡམས་འགོས་ཁྱབ་ཤུགས་ཆེར་ཕྱིན་ཏེ། ཁྱོན་མི་གྲངས་ ༢༢༧༢ ལྷག་རྐྱེན་འདས་སུ་སོང་ཡོད་པ་དང་། འདི་ལོའི་ཕྱི་ཟླ་ ༤ པའི་ནང་ཀོང་གྷོ་ཡུལ་གྱི་ཨེ་བྷོ་ལ་ནད་ཡམས་ཁྱོན་ཡོངས་སུ་སྟངས་འཛིན་ཐུབ་ལ་ཉེ་བའི་སྐབས་དེར་བསྐྱར་དུ་ནད་ཡམས་ཕོག་པའི་ནད་པ་ཐོན་ཡོད་པ་རེད།ད་ལྟའི་ཆར་ཨམ་བྷན་དྷ་ཀ་ཁུལ་དུ་ཏོག་དབྱིབས་ནད་པ་གཅིག་ཀྱང་ཐོན་མེད་ནའང་། ཀོང་གྷོ་རྒྱལ་ཡོངས་ནང་ཏོག་དབྱིབས་ནད་ཡམས་ཕོག་པའི་མི་གྲངས་ ༣༠༠༠ བརྒལ་ཟིན་པའི་ཐོག ད་ལྟ་ཀོང་གྷོ་དེ་འཛམ་གླིང་གི་སིབ་བིའི་གཉན་རིམས་ (measles) ཀྱི་ཁྱབ་ཡུལ་ཛ་དྲག་ཤོས་ཤིག་ཏུ་གྱུར་ཡོད་པ་རེད།

ཨེ་བྷོ་ལ་ནད་ཡམས་དེ་ཕྱི་ལོ་ ༢༠༡༣ ནས་ ༢༠༡༦ བར་ཨ་ཧྥེ་རི་ཁ་གླིང་ཕྲན་གྱི་ནུབ་བརྒྱུད་ཁུལ་དུ་འགོས་ཁྱབ་ཤུགས་ཆེར་ཕྱིན་སྟེ་ཁྱོན་མི་གྲངས་ ༣༠༠༠༠ ལྷག་རྐྱེན་འདས་སུ་ཕྱིན་ཡོད་པ་དང་། ཨེ་བྷོ་ལ་ནད་ཡམས་དེ་ཨ་ཧྥེ་རི་ཁའི་ནགས་ཚལ་ནས་ཐོན་པའི་ནད་ཡམས་ཤིག་ཏུ་ངོས་འཛིན་བྱས་ཡོད་ལ། དེ་ད་ལྟའི་ཏོག་དབྱིབས་ནད་ཡམས་དང་མི་འདྲ་བར་ཨེ་བྷོ་ལ་ནད་ཡམས་ཕོག་པའི་ནད་པའི་རྔུལ་ཆུ་སོགས་གཟུགས་པོའི་གཤེར་ཁུ་བརྒྱུད་འགོ་ཡི་ཡོད་ཅིང་། ནད་ཡམས་ཕོག་རྗེས་ལུས་པོའི་ཚ་དྲོད་འཕར་བ་དང་སྦྲགས། སྐྱུག་མེར་ལངས་བ་དང་གཟུགས་པོའི་ནང་ཁྲག་འཛར་བའི་ནད་རྟགས་ཐོན་གྱི་ཡོད་འདུག

གསར་འགོད་པ། པ་སངས་ཚེ་རིང་།

བསྐྱར་བཅོས།: ༢༠༢༠/༠༦/༠༢

Leave a Reply