རྒྱ་ནག་ལ་ངོ་རྒོལ་བྱེད་མཁན་སློབ་མ་ཞིག་ཕྱིར་འཕུད་བཏང་།

རྒྱ་ནག་གི་ཤུགས་རྐྱེན་ཆེ་བའི་ཨོ་གླིང་ཁེན་སི་ལན་ཌི་གཙུག་ལག་སློབ་ཆེན་ལ་ཡུལ་དེའི་སྲིད་གཞུང་གི་རོགས་དངུལ་མཚམས་འཇོག་དགོས་པའི་འབོད་སྐུལ་ཞུས།ཨེ་ཕོག་དུས་བབ་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཁ་སང་ཨོ་གླིང་གྲོས་ཚོགས་འཐུས་མི་སྐུ་ཞབས་རོ་བྷི་ཊི་ (Malcolm Roberts) ལགས་ཀྱིས། ཨོ་གླིང་གི་ཁེན་སི་ལན་ཌི་གཙུག་ལག་སློབ་གྲྭ་ཆེན་མོས་(University of Queensland) རྒྱ་ནག་གི་མགྲིན་ཚབ་ལྟ་བུའི་ལས་ཀ་བྱེད་བཞིན་ཡོད་སྟབས། ཨོ་གླིང་གཞུང་གིས་གཙུག་ལག་སློབ་གྲྭ་ཆེན་མོ་དེར་རོགས་དངུལ་གཏོང་རྒྱུ་མཚམས་འཇོག་དགོས་པའི་འབོད་སྐུལ་ཞུས་འདུག

གྲོས་ཚོགས་འཐུས་མི་རོ་བྷར་ཊི་ལགས་ཀྱི་འབོད་སྐུལ་དེ་ནི་ཉེ་སྔོན་ཕྱི་ཟླ་ ༥ ཚེས་ ༢༩ ཉིན་གཙུག་ལག་སློབ་གྲྭ་ཆེན་མོ་དེས། ཕབ་ལཱོ་(Drew Pavlou)ཞེས་པའི་སློབ་མ་ཞིག་གིས། གཙུག་ལག་སློབ་གྲྭ་ཆེན་མོ་དེར་རྒྱ་ནག་གཞུང་གི་ཤུགས་རྐྱེན་ཆེན་པོ་སྤྲོད་བཞིན་ཡོད་པར་སྐྱོན་བརྗོད་བྱེད་མཁན་ཞིག ཁྲིམས་གཏུག་བྱས་པ་བརྒྱུད་ལོ་ ༢ རིང་སློབ་གྲྭ་ནས་ཕྱིར་འཕུད་བཏང་བའི་གནད་དོན་དེ་ནས་བྱུང་ཡོད་པ་དང་། ཕབ་ལཱོ་ཕྱིར་འཕུད་བཏང་བའི་ཐད་གྲོས་ཚོགས་འཐུས་མི་རོ་བྷར་ཊི་ལགས་ཀྱིས། ཕབ་ལཱོ་ལགས་སློབ་གྲྭ་ནས་ཕྱིར་འཕུད་བཏང་བར་ཉེས་འཛུགས་དོན་ཚན་ ༡༡ དྲངས་ཡོད་པ་ཚང་མར་རིན་ཐང་དང་གནས་ལུགས་གང་ཡང་མི་འདུག ཅེས་སྐྱོན་བརྗོད་གནང་འདུག

ད་ལྟའི་ཆར་ཕབ་ལཱོ་ལགས་ཕྱིར་འཕུད་གཏོང་དོན་གང་ཡིན་གྱི་གནས་ཚུལ་ཚང་མ་གསང་རྒྱའི་འོག་མི་མང་ལ་ཁ་གསལ་བཟོས་མེད་ཀྱང་། མི་མང་པོ་ཞིག་གིས་ཕབ་ལཱོ་ལགས་ཕྱིར་འཕུད་གཏོང་དོན་ནི། ཁོང་གིས་སློབ་གྲྭའི་ཁོར་ཡུག་ཏུ་ཧོང་ཀོང་གཙོས་པའི་བོད་དང་ཡུ་གུར་འགྲོ་བ་མིའི་ཐོབ་ཐང་སོགས་ལ་རྒྱབ་སྐྱོར་གྱི་ལས་འགུལ་སྤེལ་ཏེ། རྒྱ་ནག་ལ་ཁ་གཏད་གཅོག་དགོས་སྐོར་བརྗོད་ཡོད་འདུག

གྲོས་ཚོགས་འཐུས་མི་རོ་བྷར་ཊི་ལགས་ཀྱིས། ཁུན་སི་གཙུག་ལག་སློབ་གྲྭ་ཆེན་མོས། སོ་སོའི་རོགས་དངུལ་གང་ནས་ཡོང་གི་ཡོད་པ་ཤེས་དགོས་པ་དང་། ཨོ་གླིང་གི་སློབ་མ་ཚོར་སློབ་གྲྭ་དེ་ཨོ་གླིང་གི་སློབ་གྲྭ་ཞིག་ཡིན་པ་གཏན་འཁེལ་དང་དམར་ཤོག་ཚོགས་པའི་ཚབ་མཚོན་སློབ་གྲྭ་ཞིག་མིན་པ་གསལ་སྟོན་བྱེད་དགོས་ཀྱི་ཡོད། ཅེས་བརྗོད་ཡོད་པ་དང་། ཕྱི་ལོ་ ༢༠༡༩ ལོར་ཁུན་སི་གཙུག་ལག་སློབ་གྲྭ་ཆེན་མོའི་ཡོང་འབབ་བརྒྱ་ཆ་༤༣ ནི་ཨོ་གླིང་གཞུང་རང་ནས་བྱུང་ཡོད་པ་དང་། བརྒྱ་ཆ་ ༢༠ རྒྱ་ནག་གི་སློབ་མའི་སློབ་ཡོན་བརྒྱུད་ནས་བྱུང་ཡོད་འདུག

ཕབ་ལཱོ་ལགས་ཀྱིས་འདས་ལོའི་ཕྱི་ཟླ་ ༧ པའི་ནང་ཧོང་ཀོང་ཞི་རྒོལ་ལས་འགུལ་ལ་རྒྱབ་སྐྱོར་གྱི་ལས་འགུལ་ཞིག་སྤེལ་སྐབས། ཨོ་གླིང་ནང་སློབ་གཉེར་བྱེད་བཞིན་པའི་རྒྱ་ནག་གི་སློབ་མ་ཚོ་དང་གདོང་ཐུག་གིས་ལག་འཛིང་ཤོར་ཡོད་པ་དང་། དེ་ནས་བཟུང་ད་བར་ཁོང་གིས་ཨོ་གླིང་ནང་རྒྱ་ནག་གི་ཤུགས་རྐྱེན་མཚམས་འཇོག་དགོས་པ་དང་། བོད་དང་ཡུ་གུར་མི་མང་ལ་འགྲོ་བ་མིའི་ཐོབ་ཐང་དགོས་པ། ཧོང་ཀོང་དམངས་གཙོ་ཡིན་དགོས་པ་སོགས་རྒྱ་ནག་གཞུང་དང་ཁ་གཏད་ཀྱི་ལས་འགུལ་སྤེལ་དང་སྤེལ་མུས་ཡིན་འདུག

ཨོ་གླིང་ནི་ཨེ་ཤ་ཡའི་རྒྱལ་ཁབ་ཁག་གི་ཁྲོད་རྒྱ་ནག་གི་ཤུགས་རྐྱེན་ཆེན་པོ་ཐེབས་ཀྱི་ཡོད་པའི་རྒྱལ་ཁབ་ཅིག་ཡིན་པ་དང་། ཨོ་གླིང་མི་མང་བརྒྱ་ཆ་ ༧༧ ཙམ་གྱིས་རྒྱ་ནག་ནི་ཨོ་གླིང་གི་མཉམ་ལས་ཚོང་ཤག་ལ་ངོས་འཛིན་གྱི་ཡོད་ཀྱང་། མི་མང་བརྒྱ་ཆ་ ༡༥ ཙམ་གྱིས་རྒྱ་ནག་ནི་ཨོ་གླིང་ལ་དམག་ཤུགས་ཐོག་ནས་ཉེན་ཁ་ཞིག་ཏུ་ངོས་འཛིན་གྱི་ཡོད་འདུག

གསར་འགོད་པ། སྐལ་བཟང་སྦྱིན་པ།

བསྐྱར་བཅོས།: ༢༠༢༠/༠༦/༠༢

Leave a Reply