༧གོང་ས་མཆོག་གིས་ཐེག་ཆེན་གསོ་སྦྱོང་གི་སྡོམ་པ་གནང་རྒྱུ་ཡིན་འདུག

ཟླ་འདིའི་ཕྱི་ཚེས་ ༨ ཉིན་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ལྷོ་ཤར་ཨེ་ཤ་ཡའི་ཡུལ་གྲུ་ཁག་གི་གཞོན་སྐྱེས་ཚོར་དྲ་ལམ་བརྒྱུད་བགྲོ་གླེང་དང་བཀའ་ལན་བསྩལ་རྒྱུ་ཡིན་འདུག

དེ་རིང་དགའ་ལྡན་ཕོ་བྲང་ནས་གསལ་བསྒྲགས་གནང་བ་ལྟར་ན། ལོ་ལྟར་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་ས་ག་ཟླ་བའི་ཚེས་ ༡༥ ཉིན་བཞུགས་སྒར་ཐེག་ཆེན་གཙུག་ལག་ཁང་དུ་ཐེག་ཆེན་གསོ་སྦྱོང་གི་སྡོམ་པ་གནང་སྲོལ་ཡོད་པ་ལྟར། འདི་ལོའི་ཕྱི་ཟླ་ ༦ ཚེས་ ༥ ཉིན་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་དྲྭ་ལམ་བརྒྱུད་སེམས་བསྐྱེད་ཆོ་ག་གནང་རྒྱུ་ཡིན་འདུག

ཡང་དགའ་ལྡན་ཕོ་བྲང་གི་དྲ་རྒྱའི་སྟེང་བཀོད་པའི་མཛད་འཆར་ལྟར་ན།༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་ལྷོ་ཤར་ཨེ་ཤ་ཡའི་ཡུལ་གྲུ་ཁག་གི་གཞོན་སྐྱེས་མང་པོས་རེ་སྐུལ་གསོལ་འདེབས་ཞུས་པ་བཞིན། ཟླ་འདིའི་ཕྱི་ཚེས་ ༧ ཉིན་གྱི་རྒྱ་གར་གྱི་སྔ་དྲོའི་ཆུ་ཚོད་ ༨ པ་ནས་དྲ་ལམ་བརྒྱུད་བགྲོ་གླེང་དང་དེ་བཞིན་གཞོན་སྐྱེས་ཚོགས་བཅར་བའི་དྲི་བ་ཁག་ལ་བཀའ་ལན་བསྩལ་རྒྱུ་ཡིན་པ་དང་། དྲ་ལམ་ཐད་གཏོང་དེ་དབྱིན་སྐད་དང་རྒྱ་སྐད། ཝེ་ཐི་ནམ་སྐད། ལྷོ་ཀོ་རི་ཡའི་སྐད། ཨུ་རུ་སུའི་སྐད་སོགས་སྐད་རིགས་མི་འདྲ་བ་ ༡༡ ཐོག་གསུང་སྒྱུར་གནང་རྒྱུ་ཡིན་འདུག

གསོ་སྦྱོང་སྐོར་གྱི་གནས་ཚུལ་ནང་། བོད་ཟླ་ ༤ ཚེས་ ༡༥ དང་ཕྱི་ཟླ་ ༦ ཚེས་ ༥ ཉིན་གྱི་ས་ག་ཟླ་བའི་ཉིན། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་དྲྭ་ལམ་བརྒྱུད་སེམས་བསྐྱེད་ཆོ་ག་གནང་གཏན་འཁེལ་བ་ལགས་ན། དད་ལྡན་དོན་གཉེར་ཅན་རྣམས་ནས་དུས་ཐོག་ཏུ་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་བོད་སྐད་སོགས་དྲྭ་ཚིགས་དུ་མ་ནས་གསན་བཞེས་གནང་ཐུབ་པས་དེ་དོན་དགོངས་འཇགས་ཡོང་བ་ཞུ། ཞེས་གསུངས་འདུག

ཡང་གསལ་བསྒྲགས་དེའི་ནང་། སྤྱིར་ནད་ཡམས་གཏན་མེད་དུ་མ་ཞི་བ་དང་། ༧གོང་ས་མཆོག་གིས་བཀའ་ཆོས་སོགས་ཀྱི་སྐབས་ཚོགས་པ་དང་དགོན་སྡེ་ཆེ་ཆུང་སོགས་ཅི་འདྲ་ཞིག་ཡིན་རུང་། ཡོངས་གྲགས་ཀྱི་ནད་ཡམས་ཁྱབ་གདལ་སྔོན་འགོག་ལ་དམིགས་པའི་ལག་ལེན་སྤྱི་དང་། ཁྱད་པར་ཆོས་ཞུ་བ་རྣམས་ནས་ཕན་ཚུན་བར་ཐག་བཅད་དེ་འགྲོ་འདུག་གི་སྤྱོད་ལམ་བསྟེན་ཕྱོགས་སོགས་ས་གནས་སོ་སོར་བཅས་པའི་བཀའ་རྒྱ་ལས་ནམ་ཡང་མི་འདའ་བར་བཀའ་ཆོས་གསན་གཟིགས་གནང་རོགས་ཞེས་ཞུ་རྒྱུ་ཡིན། ཞེས་གསུངས་འདུག

མཇུག་ཏུ་ལས་ཀྱི་སྣེ་མོར་གཏོགས་པ་ཐམས་ཅད་ནས་བཀའ་ཆོས་ཀྱི་ཆེད་ཐོག་མར་ཡར་འཛོམས་པའི་སྐབས་དང་། དངོས་གཞི་བཀའ་ཆོས་འཚོགས་པའི་སྐབས། དེ་བཞིན་མར་གྲོལ་བའི་སྐབས་བཅས། མདོར་ན་ཐོག་མཐའ་བར་གསུམ་དུ་དོ་གལ་ཆེན་པོས་སྟངས་འཛིན་ཆེས་ཆེར་གནང་རོགས་ཞེས་ནན་ཏན་དུ་ཞུ་རྒྱུ་ཡིན། གནས་ཚུལ་གཉན་འཕྲང་ཅན་གྱི་སྐབས་འདིར་རང་གཞན་ཀུན་ནས་དོན་མེད་ཀྱི་གླེང་གཞི་མི་ཡོང་བ་དང་། ལྷག་པར་ནད་ཡམས་སྔོན་འགོག་གི་ལག་ལེན་རྣམས་ལ་ལྷོད་ཡངས་མི་ཡོང་བའི་ཐུགས་འགན་ཆེ་བཞེས་གནང་དགོས་ཞེས་ཀྱང་ཞུ་རྒྱུ་ཡིན། ཞེས་གསུངས་འདུག

གསར་འགོད་པ། སངས་རྒྱས་དཀོན་མཆོག

བསྐྱར་བཅོས།: ༢༠༢༠/༠༦/༠༢

Leave a Reply