བོད་དོན་དཀའ་རྙོག་མ་སེལ་བར་དུ་རྒྱ་དཀར་ནག་གི་མཐའ་མཚམས་དཀའ་རྙོག་སེལ་མི་ཐུབ།

སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་བོད་ཞི་བའི་ལྟེ་གནས་ཤིག་ཏུ་བསྒྱུར་རྒྱུ་ནི་ད་ལྟའི་རྒྱ་དཀར་ནག་བར་གྱི་རྩོད་རྙོག་སེལ་བར་མདུན་ཅོག་སྟེང་གི་ཁ་ཡོད་ལག་ཡོད་ཀྱི་ཐབས་ལམ་དེ་ཡིན་སྐོར་གསུངས་འདུག

ཉེ་ཆར་ནས་བཟུང་ལ་དྭགས་ཁུལ་གྱི་ཧིན་བོད་ས་མཚམས་སུ་རྒྱ་དཀར་ནག་གཉིས་ཀྱི་བར་དཀའ་རྙོག་འབྱུང་བཞིན་ཡོད་པ་དང་འབྲེལ། ཁ་སང་ཕྱི་ཚེས་ ༡ ཉིན་རྒྱ་གར་གྱི་ (India Today) གསར་ཁང་ལ་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་ནས། བོད་དོན་མ་སེལ་བར་དུ་རྒྱ་དཀར་ནག་གཉིས་ཀྱི་དཀའ་རྙོག་མུ་མཐུད་གནས་རྒྱུ་ཡིན་སྐོར་དང་། རྒྱ་གར་གྱིས་བོད་ཀྱི་གནད་དོན་དེ་རྒྱ་གར་གྱི་གནད་དོན་གཙོ་བོ་ཞིག་ཏུ་བསྒྱུར་དགོས་སྐོར་གསུངས་འདུག

སྐབས་དེར་སྲིད་སྐྱོང་མཆོག་གིས། ཧིན་བོད་ས་མཚམས་ནི་ལོ་ངོ་སྟོང་ཕྲག་འགའི་རིང་གནས་ཡོད་པ་དང་། ཉེ་ཆར་རྒྱ་དཀར་ནག་གི་ས་མཚམས་ཟེར་བ་དེ་བྱུང་བ་ནས་བཟུང་། ད་ལྟའི་དཀའ་རྙོག་ཐམས་ཅད་བྱུང་ཡོད་པ་རེད། དཀའ་རྙོག་འདིའི་གནད་དོན་གཙོ་བོ་བོད་ཡིན་སྟབས། བོད་རང་བཙན་ཡིན་སྐབས་ཧིན་བོད་ས་མཚམས་སུ་མཐའ་སྲུང་དམག་དང་སྐོར་སྲུང་དམག དེ་བཞིན་མཐའ་སྲུང་ཆེད་འགྲོ་གྲོན་ཨ་སྒོར་ཐེར་འབུམ་ ༦༠ ཙམ་གཏོང་བཞིན་པ་དེ་ཚོ་དགོས་ངེས་ཅན་མིན་པ་རེད། བོད་བཙན་བཟུང་བྱས་རྗེས་རྒྱ་ནག་གི་མཐའ་སྲུང་དམག་ཧིན་བོད་ས་མཚམས་སུ་བསླེབས་ཏེ་ད་ལྟའི་དཀའ་རྙོག་རྣམས་བྱུང་ཡོད་པ་རེད། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་ཐུགས་འདུན་ལྟར་བོད་དེ་བཞིན་ཞི་བའི་ལྟེ་གནས་ཞིག་ཏུ་བསྒྱུར་ཏེ་བོད་དོན་མ་སེལ་བར་དུ། འཛམ་གླིང་གི་མི་འབོར་མང་ཤོས་རྒྱ་དཀར་ནག་གཉིས་ཀྱི་བར་གཏན་འཇགས་ཀྱི་ཞི་བདེ་ཞིག་ཡོང་ཐབས་མེད་པ་རེད། དེ་བས་བོད་ནི་དཀའ་རྙོག་འདི་སེལ་ཐབས་ཀྱི་གནད་དོན་གཙོ་བོ་ཞིག་ཡིན་པ་རེད། ཅེས་གསུངས་ཏེ། བོད་ཞི་བའི་ལྟེ་གནས་ཤིག་ཏུ་བསྒྱུར་རྒྱུ་ནི་ད་ལྟའི་མདུན་ཅོག་སྟེང་གི་ཁ་ཡོད་ལག་ཡོད་ཀྱི་ཐབས་ལམ་དེ་ཡིན་སྐོར་གསུངས་འདུག

ཡང་སྲིད་སྐྱོང་མཆོག་གིས། ད་ལྟ་ཧིན་བོད་ས་མཚམས་སུ་རྒྱ་ནག་གཞུང་གིས་དམག་འགྲེམས་འཇོག་བྱས་ཏེ་རྙོག་གླེང་ཤུགས་ཆེན་བཟོ་བཞིན་པ་དེ་ནི། ཏོག་དབྱིབས་ནད་ཡམས་རྐྱེན་གྱིས་རྒྱ་ནག་དམར་ཤོག་ཚོགས་པར་གནོན་ཤུགས་ཆེན་པོ་འབྱུང་གི་ཡོད་པ་དང་། རྒྱལ་སྤྱིའི་ཐོག་རྒྱ་ནག་ལ་ཡིད་ཆེས་དཀའ་བའི་གནད་དོན་མང་པོ་ཞིག་འབྱུང་གི་ཡོད་པ་དེའི་ཁ་ཕྱོགས་གཞན་དུ་བསྒྱུར་ཐབས་བྱེད་པའི་སྲིད་བྱུས་ཤིག་ཡིན་ནའང་། ཕྱོགས་གཞན་ཞིག་ནས་རྒྱ་ནག་གཞུང་གིས་མཐའ་མཚམས་སུ་དམག་འགྲེམས་འཇོག་ཤུགས་ཆེན་བྱས་ཏེ་ས་མཚམས་དང་མཚོ་མཚམས་ཁུལ་དུ་རྒྱ་བསྐྱེད་བྱེད་ཀྱི་ཡོད་པས་གཟབ་ནན་བྱེད་དགོས་སྐོར་གསུངས་འདུག

གསར་ཁང་དེས་རྒྱལ་སྤྱིའི་ཐོག་རྒྱ་ནག་གཞུང་གིས་ཀཱ་ཤི་མིར་ (Kashmir) གྱི་གནད་དོན་གླེང་སློང་བྱས་ཏེ་རྒྱ་གར་ལ་ཁ་གཏད་གཅོག་བཞིན་པ་ལྟར། རྒྱ་གར་གྱིས་ཀྱང་གཅིག་མཚུངས་སུ་བོད་ཀྱི་གནད་དོན་དེ་རྒྱལ་སྤྱི་ཅན་ཏུ་བསྒྱུར་དགོས་མིན་དྲིས་པར་སྲིད་སྐྱོང་མཆོག་གིས། རྒྱ་ནག་གཞུང་གིས་བོད་དེ་རྒྱ་ནག་གི་གནད་དོན་གཙོ་བོ་གྲས་གྱི་གཅིག་ཡིན་པ་བརྗོད་ཀྱི་ཡོད་པ་རེད། ཡུལ་བབས་སྲིད་བྱུས་དང་རིག་གཞུང་། ལོ་རྒྱུས་དང་བོད་མི་བཙན་བྱོལ་བ་མང་ཤོས་རྒྱ་གར་ནང་ཡོད་པ་སོགས་ཀྱི་རྒྱུ་མཚན་ལ་བརྟེན། རྒྱ་གར་གཞུང་གིས་བོད་དེ་རྒྱ་གར་གྱི་གནད་དོན་གཙོ་བོ་ཞིག་ཡིན་པ་བརྗོད་ཆོག་པ་ཞིག་རེད། ད་ལྟ་འཛམ་གླིང་ཁྱོན་ཡོངས་ཀྱིས་རྒྱ་ནག་གི་རང་བཞིན་ངོ་མ་ཤེས་རྟོགས་བྱུང་སྟེ་སྲིད་བྱུས་གསར་པ་འཛིན་གྱི་ཡོད་པ་དང་། རྒྱ་གར་གཞུང་གིས་ཀྱང་བོད་ནི་རྒྱ་གར་གྱི་གནད་དོན་གཙོ་བོ་ཞིག་ཡིན་པས། བོད་དོན་དང་འབྲེལ་ནས་སྐད་ཆ་བཤད་དགོས་ཞེས་གསུངས་དགོས་པ་རེད། ཅེས་གསུངས་འདུག

ཉེ་ཆར་ལ་དྭགས་ཡུལ་མི་སྟོབས་ལྡན་ (P. Stobdan) གྱིས་ལ་དྭགས་ནང་འབྱུང་བཞིན་པའི་ས་མཚམས་ཀྱི་དཀའ་རྙོག་དང་འབྲེལ་ཏེ། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་དང་བོད་མིའི་སྒྲིག་འཛུགས་ལ་སྐྱོན་བརྗོད་བྱས་ཡོད་པའི་ཐད་སྲིད་སྐྱོང་མཆོག་གིས། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་བཞུགས་སྒར་དྷ་ས་ཕུད་པའི་ས་གནས་གཞན་ཏུ་ཕེབས་གྲངས་མང་ཤོས་ནི་ལ་དྭགས་ཡིན་པ་རེད། ལ་དྭགས་སུ་ཐེངས་ ༢༧ ལ་ཕེབས་ཡོད་པ་རེད་ལ། འཁྲུངས་སྐར་ཐེངས་བཞི་ལྔ་ཙམ་ཞིག་ལ་དྭགས་ལ་རོལ་གནང་བ་རེད། དེ་བཞིན་དུས་འཁོར་དབང་ཆེན་ཐེངས་ ༣ པ་ལ་དྭགས་སུ་གནང་ཡོད་པ་རེད། རྒྱལ་བ་རིན་པོ་ཆེ་མཆོག་ནས་རྟག་ཏུ་ལ་དྭགས་སུ་རྒྱ་གར་གྱི་སྐུ་མགྲོན་ཞིག་གི་ངོས་ནས་ཕེབས་ཀྱི་ཡོད་པ་དང་། ལ་དྭགས་ནི་རྒྱ་གར་གྱི་ཆ་ཤས་ཤིག་ཡིན་པ་གསུང་གི་ཡོད་པ་རེད། ལ་དྭགས་སུ་གནས་པའི་སྐུ་ཞབས་སྟོབས་ལྡན་གྱིས་དེར་སྣང་མེད་དུ་བཞག་པ་ནི་ངས་བལྟས་ན་ཁ་སྐྱེངས་དགོས་པ་ཞིག་རེད། ཅེས་གསུངས་འདུག

ཡང་སྲིད་སྐྱོང་མཆོག་གིས། ཕྱི་ལོ་ ༢༠༡༤ ལོའི་ལ་དྭགས་ཀྱི་དུས་འཁོར་དབང་ཆེན་སྐབས། ང་སྟོབས་ལྡན་དང་འཕྲད་སོང་ལ། ཁོས་ལ་དྭགས་རྒྱལ་སྤྱིའི་ལྟེ་གནས་ཁང་ལ་སྐད་ཆ་བཤད་པའི་མགྲོན་འབོད་བྱས་སོང་། སྐབས་དེར་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་དང་བོད་མིར་གུས་བཀུར་ཡོད་སྐོར་བརྗོད་སོང་། འོན་ཀྱང་ཉེ་ཆར་བརྙན་འཕྲིན་ནང་མཐོང་དུས་གློ་བུར་དུ་གུས་བཀུར་ཅི་ཡང་མེད་པར་སྐད་ཆ་བཤད་ཀྱི་འདུག་ལ། རང་ཉིད་རྒྱལ་ཁབ་ཀྱི་ཕྱི་འབྲེལ་མི་སྣ་ཞིག་ཡིན་པའི་ངོ་སྤྲོད་བྱེད་ཀྱི་འདུག ཇི་ལྟར་གུས་བཀུར་མེད་པ་དང་བཟང་སྤྱོད་མེད་པ་དེ་ནི་ཕྱི་འབྲེལ་མི་སྣ་ཞིག་གི་སྐད་ཆ་བཤད་སྟངས་མིན་པས། ང་རང་ཁ་སྐྱེངས་པོ་བྱུང་སོང་། སྟོབས་ལྡན་གྱིས་གང་བཤད་པ་དེ་དངོས་ཡོད་གནས་ཚུལ་དང་མི་མཐུན་པ་མ་ཟད། ཁོང་གིས་བཤད་སྟངས་དེ་ནི་ཧ་ལས་དགོས་པ་ཞིག་རེད། ལ་དྭགས་མི་མང་ལ་ཆ་བཞག་ནས་བཤད་ན་ལ་དྭགས་དགོན་པ་ཚོགས་པ་དང་ལ་དྭགས་ནང་པ་ཚོགས་པ། དེ་བཞིན་ལ་དྭགས་མི་མང་གིས་སྟོབས་ལྡན་ནོར་ཡོད་པ་དང་། ཁོང་ཚོར་རྒྱལ་བ་རིན་པོ་ཆེ་ལ་དད་གུས་ཆེན་པོ་ཡོད་པ་མ་ཟད། ལ་དྭགས་སུ་གདན་ཞུ་གནང་གི་ཡོད་པ་དེ་བརྗོད་བཞིན་ཡོད་པ་རེད། ལ་དྭགས་མི་མང་གི་ཡོངས་གྲགས་གདན་ཞུའི་ཡི་གེའང་ཡོད་པ་རེད། ངའི་བསམ་པར་སྟོབས་ལྡན་གྱིས་གང་བཤད་ཡོད་པ་དེ་ནི་རེ་འགའི་བསམ་ཚུལ་ཡིན་པ་ལས་ལ་དྭགས་མི་མང་གི་བསམ་ཚུལ་མིན་པ་རེད། ཅེས་གསུངས་འདུག

ཕུན་ཚོགས་སྟོབས་ལྡན་གྱིས་ལ་དྭགས་སུ་འབྱུང་བཞིན་པའི་རྒྱ་དཀར་ནག་བར་གྱི་དཀའ་རྙོག་དང་འབྲེལ་ཏེ། ༧གོང་ས་མཆོག་དང་བོད་མིའི་སྒྲིག་འཛུགས་ལ་གུས་བརྩི་གང་ཡང་མེད་པའི་ཚིག་ངན་བཤད་དེ་སྐྱོན་བརྗོད་ཞུས་རྗེས། ལ་དྭགས་ཀྱི་དད་ལྡན་སེར་སྐྱ་མི་མང་དང་ས་གནས་གནད་ཡོད་ཚོགས་སྡེ་ཁག་བཅས་ནས་ངོ་རྒོལ་ཤུགས་ཆེན་བྱས་པར་བརྟེན། ཁ་སང་སྟོབས་ལྡན་གྱིས་བརྙན་ཐུང་ཞིག་བཀྲམ་སྟེ། ༧གོང་ས་མཆོག་ལ་གུས་བརྩི་མེད་པའི་ཚིག་ངན་ཞུས་ཏེ་མགོན་པོ་གང་ཉིད་དང་དད་ལྡན་སེར་སྐྱ་མི་མང་། ལྷག་པར་དུ་ལ་དྭགས་མི་མང་ལ་ཕོག་ཐུག་ཤོར་བར་བརྟེན། ༧གོང་ས་མཆོག་དང་དད་ལྡན་སེར་སྐྱ་མི་མང་ལ་དགོངས་སེལ་ཞུས་ཡོད་པ་རེད།

གསར་འགོད་པ། ཀླུ་མགོན་ཐར།

བསྐྱར་བཅོས།: ༢༠༢༠/༠༦/༠༢

Leave a Reply

2 thoughts on “བོད་དོན་དཀའ་རྙོག་མ་སེལ་བར་དུ་རྒྱ་དཀར་ནག་གི་མཐའ་མཚམས་དཀའ་རྙོག་སེལ་མི་ཐུབ།

  1. བོད་དོན་དཀའ་རྙོག་མ་སེལ་བར་དུ་རྒྱ་དཀར་ནག་གི་མཐའ་མཚམས་དཀའ་རྙོག་སེལ་མི་ཐུབ། བོད་དོན་དཀའ་རྙོག་ཙམ་མ་རེད། རྒྱ་དམར་གྱི་གྲོས་མཐུན་དོན་ཚན་ ༡༧ སྣང་མེད་བཏང་པ་ནང་བཞིན་ རྒྱ་གར་ཡང་ 1954 ལོར་བཞག་པའི་ Paanch Sheel གཏོར་ཤིག་བཏང་ནས་ རྒྱ་གར་བོད་རང་བཙན་ཁ་གསང་རྒྱུ་དེ་ཡིན། རྒྱ་གར་བོད་ཀྱི་ས་ནམ་ཡང་ཁྱུར་མིད་གཏོང་མི་ཐུབ། Legend is Never Die. History is Never Death. ད་དུང་ལྷ་ཁང་བརྒྱབ་ཀྱིན་སྡོད་ན་ མ་འོ་པར་རྒྱ་གར་ཧིན་དུ་ཆོས་དེ་ཡང་ཡིད་ཆེ་མེད་པར་གྱུར། Jaya Prakash Narayan : Tibet is Not Death. Or Never Die. British are All Backs. ནམ་ཞིག་རྒྱ་གར་ངོ་སོ་མེད་པ་ཆགས་སྲིད། བོད་རང་བཙན་ནི་རྒྱ་གར་གྱི་ ཁ་བསང་མ་བསང་ལ་ཐུགས་སྡད་ཡོད་དོ། བོད་རང་བཙན་རྒྱ་གར་ལག་པ་ཡོད། དབུ་མས་ལམ་རྒྱ་མི་ལག་པ་ཡོད། ཨ་དེ་འདྲ་རྫབ་ཆེན་གཉིས། བོད་ཀྱི་ས་ཐོག་ལ་་་ རྒྱ་དཀར་ནག་ས་མཚམས། རྒན་དང་དགེ་ཕྲུག་རྒན་པ་གཉིས་་་ དགེ་ཕྲུག་གཞོན་པའི་ ས་ཧབ་ཏོག Woa 😲