རྒྱ་གར་སློབ་མ་ཞིག་གིས་རང་སྲོག་བཅད།

རང་ཁྱིམ་ནས་དྲ་ལམ་སློབ་ཁྲིད་ལ་ལྟ་ཉན་བྱེད་པའི་མཐུན་རྐྱེན་མེད་པར་བརྟེན་རྒྱ་གར་ལྷོ་ཕྱོགས་ཀཱེ་ར་ལཱ་མངའ་སྡེའི་འཛིན་རིམ་བཅུ་པའི་སློབ་ཕྲུག་བུ་མོ་ཞིག་གིས་རང་སྲོག་བཅད་ཡོད་འདུག

དེ་རིང་རྒྱ་གར་གྱི་གསར་ལམ་ཁག་ཏུ་གནས་ཚུལ་ཐོན་པ་ལྟར་ན། ཏོག་དབྱིབས་ཀྱིས་རྐྱེན་བྱས་ཏེ་རྒྱ་གར་རྒྱལ་ཡོངས་ནང་འཛམ་གླིང་གཞན་ལྟར་སློབ་གྲྭ་ཡོད་ཚད་གནས་སྐབས་རིང་སྒོ་བརྒྱབས་ཡོད་ཀྱང་། སློབ་མ་རྣམས་ཀྱི་སློབ་སྦྱོང་འཐུས་ཤོར་མི་འགྲོ་བའི་ཆེད་དུ་དྲ་ཐོག་དང་གཞུང་འབྲེལ་གྱི་བརྙན་འཕྲིན་བརྒྱུད་ལམ་ནས་སློབ་འཁྲིད་བྱས་དང་བྱེད་མུས་ཡིན་པ་རེད། འོན་ཀྱང་། རྒྱ་གར་གྲོང་གསེབ་ཀྱི་ཁྱིམ་ཚང་དབུལ་པོ་མང་པོ་ཞིག་ལ་དེའི་མཐུན་རྐྱེན་མེད་སྟབས། ཤེས་ཡོན་ལ་དངས་འདོད་ཆེ་བའི་ཁྱིམ་ཚང་གི་ཕྲུ་གུ་ཚོར་རང་བཞིན་གྱིས་བློ་ཕམ་དང་སེམས་ལ་དཀའ་ངལ་ཆེན་པོ་ཞིག་འཕྲད་བཞིན་ཡོད་པ་དང་། ད་ལན་དོན་རྐྱེན་བྱུང་སའི་ཀཱེ་ར་ལཱ་མངའ་སྡེ་ཁོ་ནར་དྲ་རྒྱ་དང་བརྙན་འཕྲིན་གྱི་མཐུན་རྐྱེན་མེད་པའི་སློབ་ཕྲུག་ཉམ་ཐག་འབུམ་གཉིས་དང་ཕྱེད་ཀ་ལྷག་ཙམ་ཡོད་འདུག

གསར་འགོད་པས་བརྗོད་པ་ལྟར་ན། སློབ་མ་དེའི་ཁྱིམ་ཚང་ནི་པ་ལགས་ཀྱི་ཉིན་གླ་ལ་བརྟེན་ཡོད་ཀྱང་། ཉེ་ལམ་ཏོག་དབྱིབས་ནད་ཡམས་ཀྱི་རྐྱེན་བྱས་ཏེ་རྒྱལ་ཁབ་ཡོངས་རྫོགས་སྒོ་བརྒྱབས་རྗེས་ལས་མེད་ཆགས་ཡོད་འདུག སྤྱིར་ཁོང་ཚོའི་ཁྱིམ་དུ་བརྙན་འཕྲིན་སྐྱོན་ཅན་ཞིག་ཡོད་ཀྱང་། ཉིན་ཤས་གོང་ཁོའི་བཟའ་ཟླ་ལ་པུ་གུ་ཞིག་སྐྱེས་སྟབས། དངུལ་ཅུང་ཟད་ཡོད་པ་དེ་ཡང་དེར་བཏང་ཏེ་བརྙན་འཕྲིན་སྐྱོན་ཅན་དེ་བཟོ་བཅོས་མ་ཐུབ་པའི་གནས་སྟངས་ཆགས་འདུག

སློབ་ཕྲུག་དེའི་པ་ལགས་ཀྱིས། ད་ལྟ་ངའི་བུ་མོའི་ལོ་འཁོར་ཡིག་རྒྱུགས་ཚར་མེད་སྟབས། མོ་རང་གཅིག་པུ་མིན་པར་ང་ལ་ཡང་སེམས་ཁྲལ་ཡོད། སྤྱིར་བཏང་ངས་ཉིན་ཤས་གོང་ནས་མོར་བློ་ཕམ་ཡོད་པ་ཚོར་བྱུང་། ཡིན་ཡང་། དེ་འདྲའི་བློ་ཡུལ་ལས་འདས་པ་ཞིག་བྱས་ཡོང་དྲན་མ་སོང་། ངས་མོར་ཡི་གེ་སྦྱང་དགོས་ཡོད་ན་ཐབས་ཤེས་ཤིག་བྱས་ཏེ། ངའི་གྲོགས་པོའི་ཁྱིམ་དུ་བརྙན་འཕྲིན་ཡོད་པར་དེར་འཁྲིད་ཆོག་བཤད་པ་ཡིན། ཞེས་བརྗོད་འདུག

བུ་མོ་དེའི་གྲོགས་མོ་ཚོས་བརྗོད་པ་ལྟར་ན། མོས་ལོ་འཁོར་ཡིག་རྒྱུགས་ཚར་མེད་པར་བརྟེན་། ཡིག་རྒྱུགས་འཕྲོད་ས་མ་རེད་བསམ་པ་དང་། གལ་ཏེ་ཡིག་རྒྱུགས་མ་འཕྲོད་ན་མ་འོངས་པར་སློབ་སྦྱོང་བྱ་རྒྱུའི་གོ་སྐབས་མེད་པ་ཆགས་རྒྱུའི་སེམས་ཁྲལ་རྒྱུན་དུ་བྱེད་ཀྱི་ཡོད་སྐོར་བརྗོད་འདུག

ཏོག་དབྱིབས་ཀྱིས་རྐྱེན་བྱས་ཏེ་རྒྱ་གར་རྒྱལ་ཡོངས་ནང་ཕྱི་ཟླ་ ༣ པ་ནས་སློབ་གྲྭ་དང་མཐོ་སློབ་ཡོད་ཚད་གནས་སྐབས་རིང་སྒོ་བརྒྱབས་ཡོད་པ་དང་། མངའ་སྡེ་གཞུང་དང་སློབ་གྲྭ་མང་པོ་ཞིག་གིས་སློབ་མའི་སློབ་སྦྱོང་འཐུས་ཤོར་མ་འགྲོ་བའི་ཆེད་དུ། ཁ་པར་གྱི་གཉེན་ཆས་འདྲ་མིན་དང་། དྲ་རྒྱ། དེ་བཞིན་གཞུང་འབྲེལ་བརྙན་འཕྲིན་སོགས་བརྒྱུད་སློབ་འཁྲིད་བྱེད་ཀྱི་ཡོད་ཀྱང་། སློབ་ཕྲུག་ཉམ་ཐག་རྣམས་དང་། ལུང་ཁུག དེ་བཞིན་གྲོང་གསེབ་ཁག་ལ་ཆ་རྐྱེན་དེ་དག་མེད་པར་དཀའ་ངལ་ཆེན་པོ་ཕྲད་དང་འཕྲད་བཞིན་ཡོད་པ་མ་ཟད། རྒྱ་གར་གྱི་མཐོ་སློབ་ཆེ་ཁག་མང་པོ་ཞིག་གིས་ད་ལོའི་ལོ་འཁོར་ཡིག་རྒྱུགས་དྲ་རྒྱ་བརྒྱུད་གཏོང་བའི་སྟ་གོན་བྱེད་བཞིན་ཡོད་ཀྱང་། ཐབས་ལམ་དེ་དག་ནི་སློབ་མ་ཉམ་ཐག་རྣམས་ལ་བསམ་བློ་མ་བཏང་བ་ཞིག་རེད་ཅེས་ངོ་རྒོལ་དང་སྐྱོན་བརྗོད་བྱེད་མཁན་ཇེ་མང་དུ་འགྲོ་བཞིན་ཡོད་འདུག

རྒྱ་གར་དབུས་གཞུང་ནས་ཐེམ་སྤང་བཀའ་རྒྱ་ཐེངས་ ༥ པ་དེ་ཉིན་ཤས་གོང་གསལ་བསྒྲགས་བྱས་ཡོད་ཀྱང་། ད་རེས་ཀྱི་ཐེམ་སྤང་བཀག་རྒྱ་དེ་གཞན་དང་མ་འདྲ་བར་གུ་ཡངས་ཆེན་པོ་བཏང་ཡོད་ཀྱང་། རྒྱ་གར་དབུས་ཤེས་རིག་ལྷན་ཚོགས་ནས་སློབ་གྲྭ་དང་མཐོ་སློབ་དེ་དག་ནི་ལོ་འདིའི་ཕྱི་ཟླ་ ༧ པའི་གོང་སྒོ་ཕྱེ་ཐུབ་རྒྱུ་མིན་པའི་སྐོར་གསལ་བསྒྲགས་བྱས་ཡོད་པ་རེད།

ལྡི་ལིའི་ས་གནས་གསར་འགོད་པ་ཉི་མ་ཚེ་རིང་།

བསྐྱར་བཅོས།: ༢༠༢༠/༠༦/༠༢

Leave a Reply