རྒྱ་ནག་གི་མཉེན་ཆས་ནག་གསུབ་གཏོང་བྱེད་བཀག་འགོག་བྱས།

རྒྱ་ནག་གི་མཉེན་ཆས་རྣམས་ནག་གསུབ་གཏོང་བྱེད་Remove China Appsཞེས་པ་དེ་གྷོའུ་གྷུལ་མཉེན་མཛོད་ཀྱི་སྒྲིག་གཞི་དང་འགལ་ཡོད་པའི་ཉེས་མིང་འོག་བཀག་འགོག་བྱས་ཡོད་འདུག ཉེ་བའི་བདུན་ཕྲག་འགའི་རིང་ནས་རྒྱ་གར་ནང་རྒྱ་ནག་ལ་ངོ་རྒོལ་གྱི་རྣམ་པ་སྟོན་ཆེད། རྒྱ་ནག་ནས་བཟོས་པའི་མཉེན་ཆས་རྣམས་དུས་གཅིག་ལ་ངོས་འཛིན་དང་ནག་གསུབ་གཏོང་བྱེད་ཀྱི་མཉེན་ཆས་ (Remove China Apps) ཤིག་མི་གྲངས་ས་ཡ་ལྔ་ལྷག་གིས་ཕབ་ལེན་བྱས་ཏེ་བཀོལ་སྤྱོད་བྱས་ཡོད་ཀྱང་། དེ་རིང་ཕྱི་ཚེས་ ༣ ཉིན་མཉེན་ཆས་དེའི་བདག་པོ་ (OneTouchAppLabs) ཡི་གསལ་བསྒྲགས་ལྟར་ན། གྷོའུ་གྷུལ་མཉེན་མཛོད་ནང་ནས་མཉེན་ཆས་དེ་བཀག་ཡོད་འདུག

མཉེན་ཆས་ཀྱི་བདག་པོའི་གསལ་བསྒྲགས་ནང་། གྷོའུ་གྷུལ་མཉེན་མཛོད་ཁང་གིས་ང་ཚོའི་རྒྱ་ནག་གི་མཉེན་ཆས་རྣམས་དུས་གཅིག་ལ་ནག་གསུབ་ཐུབ་པའི་མཉེན་ཆས་ (Remove China Apps) གྷོའི་གྷུལ་གྱི་མཉེན་མཛོད་ནང་བཀག་འགོག་བྱས་འདུག འདས་པའི་བདུན་ཕྲག་གཉིས་རིང་གི་ཁྱེད་རྣམ་པའི་རྒྱབ་སྐྱོར་ལ་ཐུགས་རྗེ་ཆེ་ཞུ། ཅེས་བཀོད་དེ་རྒྱ་ནག་གི་མཉེན་ཆས་རྣམས་རང་ཉིད་ཀྱི་ཁ་པར་ནང་འཚོལ་དགོས་ན་སྟབས་བདེ་ཡིན་པས། དྲ་ཐོག་ནས་རེ་རེ་བཞིན་འཚོལ་བའི་རེ་སྐུལ་ཞུས་འདུག

གྷོའུ་གྷུལ་མཉེན་མཛོད་ཁང་གིས་གནད་དོན་དེ་དང་འབྲེལ་བའི་གསལ་བསྒྲགས་ཤིག་སྤེལ་བའི་ནང་། གྷོའུ་གྷུལ་མཉེན་མཛོད་ཁང་ནས་མཉེན་ཆས་ཤིག་གིས་ཁ་པར་སྤྱོད་མཁན་ལ་བསླུ་བྲིད་གཏོང་ཐབས་བྱེད་པ་དང་། མ་དྲང་བའི་བྱ་སྤྱོད་སྤེལ་བར་འགོག་གྱི་ཡོད། ཁ་པར་སྤྱོད་མཁན་གྱིས་ཤེས་རྟོགས་མེད་པར་ཁ་པར་ནང་གི་སྒྲིག་བཀོད་ (settings) རྣམས་ལ་འགྱུར་བ་གཏོང་བ་དང་། ཁ་པར་བཀོལ་སྤྱོད་པའི་ཆོག་མཆན་མེད་པར་མཉེན་ཆས་གཅིག་བརྒྱུད་མཉེན་ཆས་གཞན་རྣམས་ལ་འགྱུར་བ་གཏོང་བ་ནི་མཉེན་མཛོད་ཀྱི་སྲིད་བྱུས་ལ་འགལ་ཡོད་སྐོར་བཀོད་འདུག

གྷོའུ་གྷུལ་མཉེན་མཛོད་ནང་མཉེན་ཆས་དེ་བཀག་འགོག་བྱས་པར་རྒྱ་གར་བ་མང་པོ་ཞིག་གིས་དྲག་ཐོག་ཏུ་བློ་ཕམ་ཡོད་ཚུལ་དང་། མཉེན་ཆས་དེ་ནི་གྷོའུ་གྷུལ་མཉེན་མཛོད་ཀྱི་སྲིད་བྱུས་གང་དག་ལ་འགལ་ཡོད་མེད་ལ་གསལ་བཤད་ཁ་གསལ་དགོས་སྐོར་བརྗོད་ཀྱི་འདུག་ལ། ཐབས་ལམ་གཞན་ལ་བརྟེན་ནས་རྒྱ་ནག་གི་མཉེན་ཆས་ཇི་ལྟར་བཙལ་ཏེ་གསུབ་ཐུབ་མིན་དང་། མཉེན་ཆས་དེ་བཀག་མིན་ལ་མ་བལྟོས་པར་ཁ་པར་ནང་རྒྱ་ནག་གི་མཉེན་ཆས་རྣམས་བཙལ་ཏེ་བསུབ་རྒྱུ་ཡིན་སྐོར་སོགས་བརྗོད་འདུག

མཉེན་ཆས་དེའི་ཐད་ཟླ་འདིའི་ཕྱི་ཚེས་ ༢ ཉིན་རྒྱ་ནག་གཞུང་འབྲེལ་གོ་ལའི་དུས་བབ་གསར་ཁང་ནང་། གལ་སྲིད་རྒྱ་གར་གྱིས་རྒྱ་ནག་གི་མཉེན་ཆས་རྣམས་གསུབ་ཐུབ་པའི་མཉེན་ཆས་ཤིག་སྤྱོད་པར་བཀག་འགོག་མེད་པར། རྒྱ་ནག་ལ་མི་དགའ་བའི་བསམ་བློ་མུ་མཐུད་སྤེལ་དུ་བཅུག་ཚེ་རྒྱ་ནག་གཞུང་ཕྱོགས་ནས་གཅིག་ལ་གཅིག་ལན་གྱི་ཚུལ་དུ་རྒོལ་ལན་སློག་སྲིད་པ་རེད། ཅེས་རྒྱ་གར་ལ་ཉེན་བརྡ་བཏང་ཡོད་ལ། རྒྱ་གར་ནང་རྒྱ་ནག་ལ་མི་དགའ་བའི་བསམ་བློ་འཕེལ་བཞིན་པ་དེས་རྒྱ་ནག་གི་བཟོ་ལས་ཁང་ཁག་ལྷོ་ཨེ་ཤ་ཡའི་ནང་འཕེལ་རྒྱས་འགྲོ་བར་འགོག་རྐྱེན་བཟོ་མི་ཐུབ་པ་མ་ཟད། རྒྱ་གར་གྱི་ཐོན་རྫས་ (Made in India) རྣམས་ལ་རྒྱ་ནག་གི་རྒྱབ་རྟེན་མེད་པར་གནས་ཐུབ་ཐབས་མེད་སྐོར་བརྗོད་འདུག

རྒྱ་ནག་གི་མཉེན་ཆས་རྣམས་ཁ་པར་ནང་གསུབ་པའི་མཉེན་ཆས་དེ་ནི་འདི་ལོའི་ཕྱི་ཟླ་ ༥ ཚེས་ ༡༧ ཉིན་རྒྱ་གར་ནང་བཟོས་ཏེ། གྷོའུ་གྷུལ་མཉེན་མཛོད་དུ་བཞག་ཡོད་པ་དང་། བདུན་ཕྲག་གཉིས་ཙམ་རིང་མི་གྲངས་ས་ཡ་ ༥ ལྷག་གིས་ཕབ་ལེན་བྱས་ཏེ། ད་ལྟ་མཉེན་མཛོད་ནང་ཕབ་ལེན་བྱེད་གྲངས་མང་ཤོས་གྲས་ཀྱི་གཅིག་ཡིན་འདུག་ལ། ཊུ་ཝེ་ཊར་སྤྱི་ཚོགས་དྲ་ལམ་དུ་རྗེས་འཇུག་པ་མི་གྲངས་ས་ཡ་ ༢ ལྷག་ཡོད་པའི་རྒྱ་གར་གྱི་གློག་བརྙན་འཁྲབ་སྟོན་པ་གྲགས་ཅན་ (Arshad Warsi) ཡིས་སྒེར་གྱི་དྲ་ལམ་དུ། རྒྱ་ནག་གི་ཚོང་ཟོག་བེད་སྤྱོད་གཏོང་མཚམས་འཇོག་རྒྱུ་ནི་ཏོག་ཙམ་ཁག་པོ་ཞིག་ཡིན་ནའང་། རིམ་པར་རྒྱ་ནག་གི་བྱ་དངོས་གཅིག་ཀྱང་བེད་སྤྱོད་གཏོང་རྒྱུ་མིན་སྐོར་བརྗོད་དེ། རང་ཉིད་ཀྱི་རྗེས་འཇུག་པ་རྣམས་ལ་ཁ་པར་ནང་ནས་རྒྱ་ནག་གི་མཉེན་ཆས་རྣམས་གསུབ་དགོས་སྐོར་སྐུལ་མ་བཏང་ཡོད་པ་རེད།

ཉེ་བའི་བདུན་འགའི་ནང་རྒྱ་ནག་གཞུང་གིས་ཧིན་བོད་ས་མཚམས་ཀྱི་ལ་དྭགས་ཁུལ་དུ་གློ་བུར་དམག་མི་འགྲེམས་འཇོག་ཤུགས་ཆེན་བྱས་པར་བརྟེན། རྒྱ་དཀར་ནག་གཉིས་བར་ས་མཚམས་དང་འབྲེལ་རྙོག་གླེང་བྱུང་ཡོད་པ་མ་ཟད། འཁྲུག་འཛིང་ཤོར་ཏེ་དམག་མི་རེ་འགར་རྨས་སྐྱོན་བྱུང་ཡོད་པ་རེད་ལ། རྒྱ་ནག་གཞུང་གིས་ས་མཚམས་སུ་ཆེད་དུ་རྩོད་རྙོག་བསླངས་པར་ངོ་རྒོལ་ཆེད། རྒྱ་གར་ནང་མི་མང་རང་བཞིན་གྱི་ལས་འགུལ་སྤེལ་ཏེ་རྒྱ་ནག་ནང་བཟོས་པའི་ཚོང་ཟོག་ཉོ་མཚམས་འཇོག་པ་དང་། ཁ་པར་དང་གློག་ཀླད་སོགས་ཀྱི་ནང་རྒྱ་ནག་གི་མཉེན་ཆས་བེད་སྤྱོད་གཏོང་མཚམས་འཇོག་གི་ཡོད་པ་རེད།

གསར་འགོད་པ། ཀླུ་མགོན་ཐར།

བསྐྱར་བཅོས།: ༢༠༢༠/༠༦/༠༣

Leave a Reply