ཡུལ་སྐོར་བའི་འཚང་ཁའི་ཁྲོད་ནས་པོ་ཏ་ལ་སྒོ་ཕྱེས།

བོད་ཀྱི་ཕོ་བྲང་པོ་ཏ་ལ་འདས་པའི་ཟླ་བཞི་ལྷག་རིང་སྒོ་བརྒྱབ་རྗེས་དེ་རིང་ནས་ཕྱི་ནང་གི་མཇལ་སྐོར་བ་ཚོར་སྒོ་ཕྱེས་ཡོད་འདུག

ཁ་སང་ཕྱི་ཚེས་ ༢ ཉིན་ཕོ་བྲང་པོ་ཏ་ལའི་དོ་དམ་ཁང་ཟེར་བས་བརྡ་ཐོ་ཞིག་སྤེལ་ཏེ། དེ་རིང་ཕྱི་ཚེས་ ༣ ཉིན་ནས་ཞོགས་པའི་ཆུ་ཚོད་ ༩ ནས་ཕྱི་དྲོའི་ཆུ་ཚོད་ ༤ པ་བར་ཕོ་བྲང་པོ་ཏ་ལ་མཇལ་སྐོར་བ་དང་ཡུལ་སྐོར་སྤྲོ་འཆམ་པ་ཚོར་སྒོ་ཕྱེ་རྒྱུ་ཡིན་སྐོར་བསྒྲགས་པ་ལྟར། དེ་རིང་ཞོགས་པར་པོ་ཏ་ལའི་མདུན་ཐང་དུ། ཡུལ་སྐོར་བ་ཧ་ཅང་མང་པོས་ཁ་རས་མ་གྱོན་པར་འཚང་ཁ་རྒྱག་བཞིན་ཡོད་པའི་བརྙན་ཐུང་ཞིག་སྤྱི་ཚོགས་དྲ་ལམ་དུ་ཁྱབ་རྗེས། རྒྱལ་ས་ལྷ་སར་སླར་ཡང་ཕྱི་ཕྱོགས་ནས་ཏོག་དབྱིབས་གཉན་རིམས་འཁུར་ཡོང་ཉེན་ཡོད་པའི་བློ་འཚབ་གནང་གི་འདུག

དེ་འབྲེལ་བརྡ་ཐོའི་ནང་རྒྱ་ནག་ནང་ལོགས་ཀྱི་གཉན་རིམས་སྟངས་འཛིན་ཇེ་ལེགས་སུ་འགྲོ་བཞིན་ཡོད་པ་དང་གྲོང་མིའི་འཚོ་བ་སོགས་རྒྱུན་ལྡན་ཅན་དུ་འགྱུར་བཞིན་ཡོད་པས། ད་ཆ་གོང་རིམ་གྱི་ཆོག་མཆན་ལྟར་ཏོག་ནད་སྔོན་འགོག་གི་བྱེད་ཐབས་དོན་འཁྱོལ་གྱི་སྔོན་འགྲོའི་ཐོག མཇལ་སྐོར་བ་ཚོ་གོ་རིམ་ལྡན་པའི་ངང་སོང་ཆོག་སྐོར་བརྗོད་འདུག

གནས་ཚུལ་དེའི་སྐོར་ལ་བོད་ནང་གི་རྩོམ་པ་པོ་ཚེ་རིང་འོད་ཟེར་ལགས་ཀྱིས་ཕོ་བྲང་པོ་ཏ་ལའི་མདུན་དུ་འཚང་ཁ་རྒྱག་བཞིན་པའི་བརྙན་དེའི་སྐོར་ལ་སྒེར་གྱི་ངོ་དེབ་སྟེང་དུ།  ཁ་རས་མ་གྱོན་པའི་ཡུལ་སྐོར་བ་འདི་འདྲ་མང་པོ་ཞིག་གནས་གཅིག་ཏུ་འདུས་འདུག སུ་ཞིག་གིས་ཏོག་དབྱིབས་གཉན་རིམས་ཡོངས་སུ་ཞི་བ་རེད་ཟེར། གལ་སྲིད་ཡང་བསྐྱར་ཏོག་དབྱིབས་ནད་པ་ཀྲང་མིང་ཅན་གཞན་ཞིག་བྱུང་ཚེ། བོད་རང་སྐྱོང་ལྗོངས་མི་མང་སྨན་ཁང་གསུམ་པའི་སྨན་པ་དང་སྨན་ཞབས་ ༡༥༠ ལྷག་གིས་མི་གཅིག་དེ་ཁོ་ནར་སྨན་བཅོས་བྱ་རྒྱུ་ཡིན་ནམ་ཞེས་བྲིས་འདུག

ཉེ་སྔོན་ཕྱི་ཟླ་ ༣ ཚེས་ ༣༠ ཉིན་ལྷ་ས་གྲོང་ཁྱེར་ནང་བསྟན་མཐུན་ཚོགས་ཟེར་བས་བརྡ་ཁྱབ་ཅིག་བཏང་སྟེ་ཆོས་ལུགས་བྱེད་སྒོ་སྤེལ་ཡུལ་ ༢༡༤ ཙམ་ཞིག་ཕྱི་ཟླ་ ༣ ཚེས་ ༣༡ ཉིན་ནས་སྒོ་འབྱེད་གཏན་ཁེལ་བ་ཡིན་ཞེས་བསྒྲགས་ཡོད་པ་ལྟར། བོད་བརྒྱུད་ནང་བསྟན་གྱི་དགོན་པ་སྔ་གྲས་བསམ་ཡས་དགོན་པའང་བསྐྱར་དུ་ཆོས་སྒོ་ཕྱེ་ཡོད་ཀྱང་།  ཕྱི་ཟླ་ ༤ ཚེས་ ༡༤ ཉིན་གློ་བུར་དུ་ཏོག་དབྱིབས་གཉན་རིམས་འགོག་བཅོས་ཀྱི་ཆེད་དུ་དགོན་པ་སྒོ་རྒྱག་རྒྱུ་ཡིན་སྐོར་བཀོད་དེ་སྒོ་བརྒྱབ་ཡོད་འདུག་ལ། ལྷོ་ཁ་སྣེ་གདོང་རྫོང་ཁོངས་ཀྱི་གཡའ་བཟང་བཀའ་བརྒྱུད་ཀྱི་ཆོས་སྡེ་ཆེན་པོ་གཡའ་བཟང་དགོན་པའང་ཕྱི་ཟླ་ ༤ ཚེས་ ༡༥ ཉིན་གློ་བུར་དུ་ཆོས་སྒོ་བརྒྱབ་ཏུ་བཅུག་ཡོད་པ་རེད།

ཏོག་དབྱིབས་གཉན་རིམས་རྐྱེན་གྱིས་འདི་ལོའི་ཕྱི་ཟླ་ ༡ ཚེས་ ༢༧ ནས་རྒྱ་ནག་གཞུང་གིས་ཕོ་བྲང་པོ་ཏ་ལ་གཙོའི་བོད་ཀྱི་རྒྱལ་ས་ལྷ་ས་ཁུལ་གྱི་དགོན་སྡེ་ཁག་གནས་སྐབས་སྒོ་བརྒྱབ་ཡོད་ན་ཡང་། ཕྱི་ཟླ་ ༥ ཚེས་ ༢༠ ནས་བཟུང་ལྷ་ལྡན་གཙུག་ལག་ཁང་མ་གཏོགས་ལྷ་ས་གྲོང་ཁྱེར་ཁུལ་གྱི་དགོན་སྡེ་ཁག་ཚང་མ་མཇལ་སྐོར་བར་སྒོ་ཕྱེ་ཡོད་པ་དང་། རྒྱལ་སྤྱིའི་སྟེང་རྒྱ་ནག་གཞུང་གིས་དུས་ལ་མ་རན་གོང་ནས་སློབ་མགོ་བཙུགས་པ་དང་། མི་མང་འདུ་འཛོམས་ཀྱི་སྤྱི་པའི་ལྟེ་གནས་ཁག་སྒོ་ཕྱེ་བ་སོགས་ནི་ཏོག་དབྱིབས་གཉན་རིམས་ལ་སྟངས་འཛིན་བྱེད་ཐུབ་ཡོད་པའི་རྣམ་པ་རྒྱལ་སྤྱིའི་ཐོག་སྟོན་ཆེད་ཡིན་པའི་སྐྱོན་བརྗོད་ཡོང་བཞིན་ཡོད་པ་རེད།

གསར་འགོད་པ། སངས་རྒྱས་དཀོན་མཆོག

བསྐྱར་བཅོས།: ༢༠༢༠/༠༦/༠༣

Leave a Reply