ཏོག་ནད་དང་མཉམ་དུ་བོད་དོན་གླེང་སློང་གནང་རོགས།

བོད་རྒྱལ་ཡོངས་མང་གཙོ་ཚོགས་པས་འཛམ་གླིང་རྒྱལ་ཁབ་ཁག་གི་གཞུང་ཚབ་དང་རྒྱ་གར་ཕྱི་སྲིད་ལས་ཁུངས་སོགས་ལ་ཞུ་ཡིག་ཕུལ་ཏེ་ཏོག་དབྱིབས་གཉན་རིམས་དང་མཉམ་དུ་བོད་དོན་གླེང་དགོས་པའི་འབོད་སྐུལ་གནང་བཞིན་འདུགདེ་རིང་བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པའི་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་གིས་གསར་འགོད་བསྒྲགས་གཏམ་ཞིག་སྤེལ་ཏེ། བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པས་རྒྱ་གར་ནང་ཡོད་པའི་འཛམ་གླིང་རྒྱལ་ཁབ་ཁག་གི་གཞུང་ཚབ་ཁང་  ༡༦༦ དང་རྒྱ་གར་ཕྱི་སྲིད་ལས་ཁུངས་སོགས་བོད་དོན་ལ་རྒྱབ་སྐྱོར་གནང་མཁན་གྱི་ཕྱི་ནང་ལས་ཁུངས་ཁག་བཅས་ལ་སྦྲགས་ཐོག་དང་མྱུར་འཕྲིན་བརྒྱུད། རྒྱལ་ཁབ་དེ་དག་གིས་རྒྱ་ནག་དང་ལྷན་དུ་ཏོག་དབྱིབས་གཉན་རིམས་ཀྱི་དཀའ་ངལ་གླེང་སློང་བྱས་པ་དང་ལྷན་དུ་འདས་པའི་ལོ་ངོ་ ༦༠ རིང་འཛམ་གླིང་མི་མང་ལ་སྦས་གསང་བྱས་ཡོད་པའི་བོད་ནང་གི་ཛ་དྲག་གནས་སྟངས་གླེང་སློང་ཡོང་བའི་འབོད་སྐུལ་ཞུ་བཞིན་འདུག

བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པ་ལྟར་ན། རྒྱལ་སྤྱིའི་སྲིད་གཞུང་ཁག་དང་གྲོས་ཚོགས་འཐུས་མི། དེ་བཞིན་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་སྒྲིག་འཛུགས་དང་གསར་འགྱུར་བརྒྱུད་ལམ་ཁག  མི་མང་བཅས་ནས་རྒྱ་ནག་གཞུང་གིས་ནད་ཡམས་འདིས་བསྐྲུན་པའི་དཀའ་ངལ་གྱི་འགན་ཚང་མ་འཁུར་དགོས་པར་ངོ་རྒོལ་ལས་འགུལ་སྤེལ་བཞིན་པར། བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པས་རྒྱབ་སྐྱོར་བྱེད་བཞིན་ཡོད་པ་མ་ཟད། རྒྱ་ནག་གིས་ཏོག་དབྱིབས་གཉན་རིམས་ཐོག་མར་བྱུང་སྐབས་ནད་ཡམས་ཀྱི་ཛ་དྲག་གི་རིང་བཞིན་སྦས་གསང་བྱས་པ་དང་། ནད་ཡམས་སྐོར་ལ་རྒྱལ་སྤྱིའི་ཞིབ་འཇུག་ཚོགས་ཆུང་བཙུགས་རྒྱུ་བཀག་འགོག་བྱས་པ་སོགས་ཀྱི་གནས་སྟངས་ནི། རྒྱ་ནག་གཞུང་གིས་འདས་པའི་ལོ་ངོ་ ༦༠ རིང་བོད་མི་མང་ལ་ཆབ་སྲིད་ཀྱིས་གཉའ་གནོན་བཏང་བའི་གནས་ཚུལ་སྦས་གསང་བྱས་པ་དང་་གནས་བབ་འདྲ་མཚུངས་ཆགས་ཀྱི་ཡོད་ཟེར།

བོད་དོན་གླེང་སློང་དགོས་པའི་སྐོར་ལ་བསྒྲགས་གཏམ་ནང་། ང་ཚོ་བོད་མི་མང་ནི་མི་ལོ་ ༦༠ ལྷག་གི་རིང་རྒྱ་ནག་དམར་པོའི་སྲིད་གཞུང་གིས་བཙན་གནོན་འོག་བོད་མི་ས་ཡ་དྲུག་ནས་ས་ཡ་གཅིག་ལྷག་རྐྱེན་འདས་དམར་གསོད་དང་། བོད་མིའི་མཐུན་མིན་ཆོས་རིག་གི་བསྟི་གནས་དགོན་སྡེ་དྲུག་སྟོང་ལྷག་གཏོར་བཤིག་བཏང་བ།  དེ་བཞིན།  ༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་གཙོས་གར་སོང་ཆ་མེད་དུ་གྱུར་བ་དང་ཆབ་སྲིད་བཙོན་པ་སྟོང་ཕྲག་མང་པོ་ད་ལྟ་ཡང་བཙོན་ཁང་ནང་སྡུག་སྦྱོང་མནར་གཅོད་མྱང་དང་མྱོང་བཞིན་པ་མ་ཟད། ཕྱི་ལོ་ ༢༠༠༩ ནས་ད་བར་བོད་ནང་བོད་མི་སེར་སྐྱ་རྒན་གཞོན་གྲངས་ ༡༥༥ ཙམ་ནས་བོད་ལ་རང་དབང་རང་བཙན་དགོས་པ་དང་།  ༸གོང་ས་མཆོག་བོད་ལ་གདན་ཞུ་དགོས་པའི་འབོད་སྒྲ་སྒྲོག་བཞིན་རང་ལུས་མེར་བསྲེགས་གནང་བ་སོགས་ཧ་ཅང་ཡིད་སྐྱོ་དགོས་པའི་ཛ་དྲག་གནས་སྟངས་བྱུང་ཡོད། རྒྱ་དམར་གཞུང་གིས་འདས་པའི་མི་ལོ་ ༦༠ རིང་རྒྱལ་སྤྱིའི་སྟེང་བོད་ཀྱི་གནས་སྟངས་དེ་དག་སྦས་སྐུང་གིས་མགོ་སྐོར་གཏོང་བཞིན་ཡོད། ཅེས་བརྗོད་འདུག

འབོད་སྐུལ་བསྒྲགས་གཏམ་ནང་དུ། འཛམ་གླིང་ནང་གི་གཉན་རིམས་ཀྱི་དཀའ་ངལ་ཚང་མ་རྒྱ་ནག་གཞུང་ནས་འགན་འཁུར་དགོས་པ་མ་ཟད། ཏོག་དབྱིབས་གཉན་རིམས་ཀྱི་འབྱུང་ཁུངས་རྟོག་ཞིབ་སླད་རྒྱལ་སྤྱིའི་རང་དབང་ལྡན་པའི་ཞིབ་འཇུག་ཚོགས་ཆུང་ཞིག་འཕྲལ་དུ་གཏོང་དགོས་ཀྱི་ཡོད་པ་དང་། ཉེ་ཆར་བོད་ཀྱི་ས་མཚམས་ནས་རྒྱ་ནག་གིས་རྒྱ་གར་མཐའ་སྲུང་དམག་ལ་བཙན་འཛུལ་བྱས་པའི་གནས་ཚུལ་དེ་རིགས་ལ་ངོ་རྒོལ་དང་། ས་མཚམས་དེ་བོད་དང་རྒྱ་གར་ཀྱི་ས་མཚམས་ཡིན་པ་ལས་རྒྱ་དཀར་ནག་གི་ས་མཚམས་ཟེར་བ་གཏན་ནས་མེད་པ་གསལ་སྟོན་བྱེད་ཀྱི་ཡོད། ཉེ་ཆར་ཧོང་ཀོང་ནང་རྒྱལ་ཁབ་བདེ་འཇགས་ཀྱི་ཁྲིམས་ལུགས་གསར་པ་དེར་མཐའ་གཅིག་ཏུ་ངོ་རྒོལ་དང་སྦྲགས་འཕྲལ་དུ་ཕྱིར་འཐེན་དགོས། གར་སོང་ཆ་མེད་དུ་གྱུར་བའི་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་གཙོས་པའི་བོད་ཀྱི་ཆབ་སྲིད་བཙོན་པ་རྣམས་འཕྲལ་དུ་ཀློད་གྲོལ་གཏོང་དགོས་པ་དང་། དེ་བཞིན། བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་དང་ཆོས་དད་རང་དབང་གཏོར་བཤིག་དང་། གྲོང་གསེབ་གྲོང་ཁྱེར་ཅན་དུ་བསྒྱུར་རྒྱུའི་སྲིད་ཇུས་འོག བོད་ཀྱི་ཞིང་འབྲོག་མང་ཚོགས་ལ་བཙན་གནོན་གཏོང་བཞིན་པ་མཚམས་འཇོག་དགོས་པ་དང་། བོད་མིའི་ལོ་རྒྱུས་ཀྱི་བདག་དབང་ཡོད་པའི་རང་དབང་དང་རང་བཙན་ལ་རྒྱལ་སྤྱིའི་རྒྱབ་སྐྱོར་ཡོང་པའི་འབོད་སྐུལ་སྔར་ལྷག་ཞུ་ཡི་ཡོད་པ་བཅས་དགོས་འདུན་དོན་ཚན་དྲུག་བཏོན་འདུག

གསར་འགོད་པ། སྐལ་བཟང་སྦྱིན་པ།

བསྐྱར་བཅོས།: ༢༠༢༠/༠༦/༠༣

Leave a Reply

2 thoughts on “ཏོག་ནད་དང་མཉམ་དུ་བོད་དོན་གླེང་སློང་གནང་རོགས།

  1. དངོས་གནས་བོད་དོན་ལ་དོ་ཁུར་བྱེད་མཁན་ག་ཚད་ཡོག་རེད། ནང་ཁོངས་རྩོད་རྒྱག་མ་ཚར་བ་བོད་དོན་བསམ་གཞི་བྱེད་མཁན་ག་ཚད་ཡོག་རེད།ནང་བཀྲ་མ་ཤིས་ན། ཕྱི་ལ་དོན་མི་འགྲུབ་ཟེར།ཤེས་སོང་ངམ།

  2. བསོད་ནམས་རྒྱལ་མཚན།

    What a Joking 🙃 😂 😂 😂 😅 སྟག་དང་ སྤྱང་ཀི་ ཞི་མི་སོགས་ལ་ འབོད་སྐུལ། བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པའི་འབོད་སྐུལ་སྐྱོ་དོག་ལ། ང་ཚོ་བཙན་བྱོལ་སྤྱི་ཚོགས་ནང་ཚོགས་པ་ཕྱ་ལེ་ཕྱོ་ལེ་ ལོང་བ། ཞར་བ། འོན་ཀོ། དེ་འདྲ་ཡོད། ཚོགས་པ་འདི་གེ་དེ་ ༧གོང་ས་མཆོག་ལ་ཟུར་ཟ་དང་། རྒྱུག་ཁྱི་མིན་ནམ་བསམ་བསམ་འདུག གཉིས་ནས་གཏམ་རང་རེད། ༧གོང་ས་མཆོག་ནས་བཀའ་སློབ་རབ་དང་རིམ་པ་མང་པོ་གནང་ཚར་བ་རེད། ད་དུང་ ལོང་བ། ཞར་ར། འོན་པ་རེད། དངོས་ནས་བོད་རྒྱལ་ཁབ་ལ་སེམས་གདིང་ནས་སེམས་ཤུག་ཡོད་མཁན་ཞིག་ཡིན་ན་ ཟིང་ཆ་མ་བསླངས་པར་༧གོང་ས་མཆོག་གི་བཀའ་སློབ་གཞི་ཟུང་སློབ་སྦྱོང་མཐར་སོན་པ་བྱེད་ནས་འགྲོ་རྒྱུ་དེ་ཡིན། སློབ་སྦྱོང་བེད་སྤྱོད་བྱེད་ཡ་དུས་གཅིག་ཤར་གྱི་རེད། གལ་སྲིད་ཁྱེད་རང་ལ་མ་བྱུང་ན་ ཁྱེད་རང་གི་བུ་ཕྲུག མ་འོང་བོད་ཀྱི་སོན་རྩ། ང་ཚོ་ལས་ལྷག་པ་རྒྱལ་ཁབ་ག་རེ་བཙན་འོག་ལ་་་ ལོ་ 100 200 300 400 500 600 700 ….. ལས་ལྷག་པ་སྡོད་མཁན་བྱུང་ཡོད། དཔེར་ན་ ང་ཚོའི་གནད་ཚང་རྒྱ་གར་ལ་ཆ་བཞག་ན་ དབྱིན་ཇི་དང་ པོར་ཊུ་གྷལ་ ལོ་ 300 ནས་ 400 རེད། འབོད་སྐུལ་བྱེད་ས་དེ་བྱམས་དང་སྙིང་རྗེའི་སློབ་སྦྱོང་དང་ཉམས་ལེན་ཡོད་པའི་རྒྱལ་ཁབ་ཞིག་དགོས། Ahimsa འཚེ་བ་མེད་པ་བྱམས་དང་སྙིང་རྗེའི་ལྟ་སྒྲུབ་བྱུང་ཁུངས་རྒྱ་གར་ནས་ཡིན་། དེ་ཡང་དོར་ཟིན། ད་ཆ་རྒྱ་དཀར་ནག་བོད་རྩ་མེད་གཏོང་རྒྱུ་ངན་འགུལ་བཤམ་བཞིན་ཡོད། ཡང་ ༧གོང་ས་མཆོག་ནས་ཐུགས་འགན་གསར་པ་ 4 དེ་ རྒྱག་གར་ན་གནའ་བོའི་རིག་གཞུང་ཕྱུག་པོ་ཉམས་ཆག་ཕྱིན་པ་དེ་བསྐྱར་གསོ་བྱེད་རྒྱུ་ཤུག་ཞིག་རྒྱག་གི་ཡོད་ གསུངས་ཡ་དེ་རེད།