ཡང་རྒྱ་ནག་ནང་སློབ་ཕྲུག་ཚོར་གྲིས་བརྒྱབ་སྟེ་དྲག་སྤྱོད་སྤེལ་འདུག

རྒྱ་ནག་ཀང་ཞི་ཞིང་ཆེན་གྱི་བྱིས་གཉོར་ཁང་ཞིག་གི་བདེ་སྲུང་མི་སྣས་དགེ་སློབ་ཚོར་གང་བྱུང་གྲིས་བརྒྱབས་ཏེ་མི་གྲངས་ ༤༠ ཙམ་ལ་རྨས་སྐྱོན་བཟོས་ཡོད་འདུགདེ་རིང་རྒྱ་ནག་གི་སྔ་དྲོའི་ཆུ་ཚོད་ ༨ སྟེང་། རྒྱ་ནག་ལྷོ་ཕྱོགས་ཀང་ཞི་(Guangxi)ཞིང་ཆེན་ཝུ་ཀྲུའུ་ (Wuzhou)གྲོང་ཁྱེར་གྱི་བྱིས་གཉོར་ཁང་ཞིག་ཏུ། སློབ་གྲྭའི་བདེ་སྲུང་སྐྱེས་པ་ལི་མིང་ཅན་ཞིག་གིས་སློབ་ཕྲུག་དང་དགེ་རྒན་ཚོར་གང་བྱུང་གྲིས་བརྒྱབས་ཏེ།  སློབ་ཕྲུག་དང་དགེ་རྒན་ ༤༠ ཙམ་ལ་རྨས་སྐྱོན་བཟོས་ཡོད་པ་དང་། རྒྱ་ནག་གཞུང་འབྲེལ་གསར་ལམ་ཁག་ཏུ་སྐྱེས་པ་དེས་དྲག་སྤྱོད་སྤེལ་དགོས་པའི་རྒྱབ་ལྗོངས་གནས་ཚུལ་ད་དུང་ཤེས་རྟོགས་བྱུང་མེད་སྐོར་བཀོད་འདུག

དེ་འབྲེལ་གནས་ཚུལ་སྐོར་ལ་རྒྱ་ནག་གཞུང་འབྲེལ་གོ་ལའི་དུས་བབ་ཀྱིས་སྤེལ་བའི་གནས་ཚུལ་ནང་། རྨས་སྐྱོན་ཕོག་མཁན་ཁྲོད་སློབ་ཕྲུག་ ༣༧ དང་། མི་རྒན་པ་ཁག་ཅིག་ཡོད་པ་དང་དེ་དག་ལས་མི་ ༣༧ ལ་རྨས་སྐྱོན་བཟོས་པ་ཆུང་ཆུང་ཡིན་ན་ཡང་། མི་སྣ་ ༣ ལ་རྨས་སྐྱོན་ཛ་དྲག་པོ་ཕོག་ཡོད་པ་དང་། ད་ལྟའི་ཆར་ལི་མིང་ཅན་གྱི་སྐྱེས་པ་དེ་འཛིན་བཟུང་བྱས་འདྲི་རྩད་བྱེད་བཞིན་ཡོད་འདུག

ཉེ་བའི་ལོ་འགའི་ནང་རྒྱ་ནག་གི་སློབ་ཆུང་དང་མེ་འཁོར་འབབ་ཚིགས་སོགས་སུ་གྲི་ཡིས་བརྒྱབས་པའི་དོན་རྐྱེན་བསྟུད་མར་བྱུང་ཡོད་པ་དང་། དེ་བཞིན་ཕྱི་ལོ་ ༢༠༡༧ ལོར་རྒྱ་ནག་གི་བྱིས་གཉོར་ཁང་ཞིག་ཏུ་འབར་རྫས་གཡུགས་ཏེ། མི་གྲངས་ ༥༩ ལ་རྨས་སྐྱོན་དང་མི་ ༧ རྐྱེན་འདས་སུ་སོང་ཡོད་པ་རེད། ཡང་ཕྱི་ལོ་ ༢༠༡༨ ལོར་བུད་མེད་ཅིག་གིས་སློབ་ཆུང་ཞིག་གི་ནང་གྲིས་གང་བྱུང་བརྒྱབ་སྟེ་སློབ་ཕྲུག་ ༡༤ རྨས་སྐྱོན་བཟོས་ཡོད་པ་དང། སྔར་ལོའི་ཕྱི་ཟླ་ ༤ ནང་རྒྱ་ནག་ཧུའུ་ནན་ཞིང་ཆེན་སྔོན་འགྲོའི་སློབ་གྲྭ་ཞིག་ནང་། སྐྱེས་པ་ཞིག་གིས་སློབ་ཕྲུག་ཚོར་གྲིས་བརྒྱབས་ཏེ་སློབ་མ་ ༢ བསད་པ་དང་། སློབ་ཕྲུག་ ༢ ལ་རྨས་སྐྱོན་ཚབས་ཆེན་བཟོས་ཡོད་འདུག

དེ་བཞིན་ཕྱི་ལོ་ ༢༠༡༤ ཟླ་ ༣ ཚེས་ ༡ ཉིན་ཡུན་ནན་ཞིང་ཆེན་ཁུན་མེན་གྲོང་ཁྱེར་གྱི་མེ་འཁོར་འབབ་ཚིགས་སུ། མགོ་རས་ནག་པོ་གྱོན་པའི་ཕོ་མོ་བཅུ་གྲངས་ཤིག་མི་ཚོགས་ཁྲོད་དུ་རྒྱུག་ནས་གང་བྱུང་གྲིས་བརྒྱབས་ཏེ་འགྲུལ་བ་བཅུ་ཙམ་དམར་གསོད་བཏང་བ་དང་། མི་ ༡༠༠ ལྷག་ལ་རྨས་སྐྱོན་བཟོས་ཡོད་པ་དང་། དོན་རྐྱེན་དེ་བྱུང་མ་ཐག་རྒྱ་ནག་གཞུང་གིས་དམར་གསོད་གཏོང་མཁན་རྣམས་ཡུ་གུར་དྲག་སྤྱོད་པ་ཡིན་སྐོར་བསྒྲགས་ཡོད་ཀྱང་། འཛམ་གླིང་ཡུ་གུར་མི་རིགས་མཐུན་ཚོགས་སོགས་ཀྱིས་དེ་ནི་ཉེས་མེད་ཉེས་འགེལ་དང་འགལ་ཟླ་བཟོ་ཐབས་ཤིག་ཡིན་སྐོར་བརྗོད་ཡོད་པ་རེད།

རྒྱ་ནག་གཞུང་གི་ཞིབ་འཇུག་བསྡོམས་རྩིས་ལྟར་ན། ཕྱི་ལོ་ ༢༠༡༠ ནས་ ༢༠༡༧ བར་རྒྱ་ནག་གི་སློབ་གྲྭ་ཁག་གི་ནང་གང་བྱུང་གྲིས་བརྒྱབས་ཏེ་ཉུང་མཐར་དགེ་སློབ་ ༨༠  ལྷག་དམར་གསོད་བཏང་ཡོད་པ་དང་། མི་ ༢༠༠ ལྷག་ལ་རྨས་སྐྱོན་བཟོས་ཡོད་འདུག་ལ། ལག་དམར་བ་མང་ཆེ་བས་གཞུང་ཞབས་པ་དང་གང་ཟག་སྒེར་ལ་ཤ་འཁོན་རྩོད་ཆེད་བྱིས་པར་གྲིས་བརྒྱབས་ཡོད་པ་དང་། རྒྱ་ནག་གཞུང་ངོས་ནས་དྲག་སྤྱོད་སྤེལ་མཁན་གྱི་མི་སྣ་དེ་དག་ཐང་ཐང་མེད་སྐོར་བརྗོད་ཡོད་པ་རེད།

གསར་འགོད་པ། སངས་རྒྱས་དཀོན་མཆོག

བསྐྱར་བཅོས།: ༢༠༢༠/༠༦/༠༤

Leave a Reply