ཧོང་ཀོང་མི་མང་ས་ཡ་གཉིས་དང་ཕྱེད་ཀ་ཙམ་ལ་དབྱིན་ཡུལ་གྱི་མི་སེར་ཐོབ་ཐང་སྤྲོད་འཆར་འདུག

དྲུག་བཞིའི་དོན་རྐྱེན་བྱུང་སྟེ་མི་ལོ་ ༣༡ འཁོར་བའི་ཞི་རྒོལ་དུས་དྲན་དང་བསྟུན་ཧོང་ཀོང་གྲོས་ཚོགས་ནང་རྒྱ་ནག་གི་རྒྱལ་གླུ་ལ་སྐྱོན་བརྗོད་བྱས་ན་ཁྲིམས་འགལ་ཡིན་པའི་ཁྲིམས་འཆར་གསར་པ་ཞིག་མང་མོས་གཏན་འབེབ་བྱས།རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་ཐོན་པ་ལྟར་ན། ཁ་སང་དབྱིན་ཡུལ་གཞུང་ནས་རྒྱ་ནག་གིས་ཧོང་ཀོང་བདེ་འཇགས་ཀྱི་ཁྲིམས་ཡིག་གསར་པ་ཞེས་པ་ཕྱིར་འཐེན་མ་བྱས་ཚེ། ཧོང་ཀོང་མི་མང་ས་ཡ་ ༣ མ་ཟིན་ཙམ་ལ་དབྱིན་ཡུལ་མི་སེར་གྱི་ཐོབ་ཐང་ཞུ་ཆོག་པའི་ཐོངས་མཆན་སྤྲོད་རྒྱུ་ཡིན་སྐོར་བསྒྲགས་འདུག་པ་དང་། རྒྱ་ནག་གཞུང་གིས་དབྱིན་ཡུལ་གྱིས་ཧོང་ཀོང་རྒྱ་ནག་ལ་རྩིས་སྤྲོད་ཀྱི་གྲོས་ཆོད་ལ་ཆ་འཇོག་དང་ངོས་འཛིན་བྱས་ཏེ། རྒྱ་ནག་གི་ནང་སྲིད་ལ་ཐེ་གཏོགས་བྱེད་རྒྱུ་མེད་པའི་ཉེན་བརྡ་བཏང་ཡོད་འདུག

གནད་དོན་དེའི་ཐད། དབྱིན་ཡུལ་སྲིད་བློན་བྷོ་རི་སི་ཇོན་སན་ལགས་ཀྱིས། གལ་སྲིད་རྒྱ་ནག་གཞུང་གིས་ཧོང་ཀོང་མི་མང་གི་རང་དབང་རྣམས་མེད་པར་བཟོ་བའི་ཁྲིམས་ཡིག་དེ་ལག་བསྟར་བྱས་ཚེ། དབྱིན་ཡུལ་གཞུང་གིས་མི་སེར་གནས་སྤོར་གྱི་ཁྲིམས་ལ་འགྱུར་བ་བཏང་སྟེ། ཧོང་ཀོང་གི་མི་སེར་ཐོབ་ཐང་ཡོད་མཁན་ཚོ་དབྱིན་ཡུལ་ནང་ཟླ་ ༡༢ རིང་འདུག་ཆོག་པ་དང་། ལས་ཀ་བྱེད་ཆོག་པ་སོགས་གནས་སྤོར་གྱི་ཐོབ་ཐང་གཞན་རིགས་སྤྲོད་རྒྱུ་ཡིན་པ་མ་ཟད། མཐའ་མཇུག་ཁོ་ཚོ་དབྱིན་ཡུལ་གྱི་མི་སེར་ཐོབ་ཐང་ཞུ་ཆོག་པའི་ལམ་དུ་ཞུགས་ཆོག་པ་ཡིན། ཞེས་གསུངས་ཡོད་པ་དང་། ད་ལྟའི་ཆར་ཧོང་ཀོང་ནང་དབྱིན་ཡུལ་གྱི་མི་སེར་ཐོབ་ཐང་ཡོད་མཁན་མི་གྲངས་ ༣༥༠༠༠༠ ཡོད་པའི་ཐོག  ད་དུང་མི་གྲངས་ས་ཡ་གཉིས་དང་ཕྱེད་ཀ་ཙམ་ནས་དབྱིན་ཡུལ་གྱི་མི་སེར་ཞུ་ཆོག་པའི་ཐོབ་ཐང་ཡོད་འདུག

ཁ་སང་རྒྱ་ནག་ཕྱི་སྲིད་ལྷན་ཁང་གི་མགྲིན་པ་ཀྲའོ་ལི་ཅིན་ཟེར་བས། དབྱིན་ཡུལ་གཞུང་ནས་ཧོང་ཀོང་དང་རྒྱ་ནག་གི་ནང་སྲིད་ལ་ཐེ་གཏོག་བྱ་རྒྱུ་མཚམས་འཇོག་དགོས་པ་དང་། དབྱིན་ཡུལ་གཞུང་གིས་གྲང་དམག་དང་བཙན་རྒྱལ་རིང་ལུགས་ཀྱི་བསམ་བློ་དོར་ཏེ། ཧོང་ཀོང་རྒྱ་ནག་ལ་རྩིས་སྤྲོད་བྱས་ཡོད་པར་ངོས་འཛིན་དང་གུས་བརྩི་བྱེད་དགོས་ཀྱི་ཡོད། ཅེས་ལན་འདེབས་བྱས་འདུག

ཟླ་འདིའི་ཕྱི་ཚེས་ ༢ ཉིན་དབྱིན་ཡུལ་གྱི་ཕྱི་སྲིད་བློན་ཆེན་རཱ་བྷི་(Dominic Raab)ལགས་ཀྱིས་དབྱིན་ཡུལ་གྲོས་ཚོགས་ནང་ཧོང་ཀོང་གི་ཁྲིམས་ཡིག་གསར་པའི་དཀའ་ངལ་འོག གལ་སྲིད་ཧོང་ཀོང་གི་མི་མང་པོ་ཞིག་གནས་སྤོར་བྱ་འདོད་ཡོད་པའི་གནས་སྟངས་བྱུང་ཚེ། ང་ཚོས་ཨོ་སི་ཊོ་ལི་ཡ་དང་ནེའུ་རྫི་ལན་ཌི། ཨ་རི་དང་ཁེ་ན་ཌ་བཅས་སུ་འབྲེལ་གཏུག་བྱས་ཏེ། ཆབ་སྲིད་ཀྱི་ཁུར་པོ་བགོ་ཤ་རྒྱག་འཆར་ཡོད། ཅེས་ཧོང་ཀོང་མི་མང་རྒྱལ་ཁབ་དེ་དག་ནང་ལའང་གནས་སྤོར་བྱེད་ཐུབ་པར་འཆར་གཞི་སྒྲིག་གི་ཡོད་འདུགགཞན་ཡང་། དེ་རིང་དྲུག་བཞིའི་དོན་རྐྱེན་བྱུང་སྟེ་མི་ལོ་ ༣༡ འཁོར་བའི་དུས་དྲན་སྲུང་གཙི་གཙོས་པའི་ཧོང་ཀོང་བདེ་འཇགས་ཀྱི་ཁྲིམས་ཡིག་གསར་པར་ངོ་རྒོལ་སྤེལ་བཞིན་པའི་སྐབས་འདིར། ཧོང་ཀོང་གྲོས་ཚོགས་ཀྱིས། རྒྱ་ནག་གི་རྒྱལ་གླུ་ལ་སྐྱོན་བརྗོད་བྱེད་པ་ནི་ནག་ཉེས་ལ་ངོས་འཛིན་གྱི་ཁྲིམས་འཆར་ཐོག་འོས་བསྡུ་བྱས་ཏེ། མང་མོས་ཐོག་ནས་ཁྲིམས་འཆར་དེར་རྒྱལ་ཁ་ཐོབ་ཡོད་པ་དང་། འོས་བསྡུའི་སྐབས་དམངས་གཙོ་ཚོགས་པས་གྲོས་ཚོགས་ནང་སྐར་མ་གཅིག་རིང་ངོ་རྒོལ་ལས་འགུལ་སྤེལ་ཏེ། འོས་བསྡུ་མཚམས་འཇོག་དགོས་པ་དང་གྲོས་ཚོགས་འཐུས་མི་ཁག་ཅིག་འོས་བསྡུའི་ནང་ཞུགས་རྒྱུ་མིན་པ་སོགས་ཀྱི་ངོ་རྒོལ་ལས་འགུལ་སྤེལ་ཡོད་འདུག

ཧོང་ཀོང་གི་ཆར་གདུགས་གསར་བརྗེའི་སྣེ་འཁྲིད་པ་ཇོ་ཧྲ་བོང་ (Joshua Wong)ལགས་ཀྱིས། ཡུ་རོབ་ཀྱི་རྒྱལ་ཁབ་ ༧ དང་ཡུ་རོབ་མཉམ་འབྲེ་མཐུན་ཚོགས་ཀྱིས་ཧོང་ཀོང་བདེ་འཇགས་ཀྱི་ཁྲིམས་ཡིག་གསར་པར་ངོས་ལེན་མེད་པའི་སྐྱོན་བརྗོད་བྱས་ཡོད་ཀྱང་། ད་ལྟ་ད་དུང་ང་ཚོར་རྒྱབ་སྐྱོར་བ་མང་པོ་དགོས་ཀྱི་འདུག་པས། ཧོང་ཀོང་མི་མང་དང་ཡུ་རོབ་ཀྱི་མགོ་འཁྲིད་མང་པོ་ཞིག་ཧོང་ཀོང་རྒྱབ་ཏུ་ལངས་པའི་འབོད་སྐུལ་ཞུ་ཡི་ཡོད། ད་ལྟ་ཧོང་ཀོང་ནི་འཇིགས་སྐུལ་འོག་ལྷུང་ཡོད། ཅེས་བརྗོད་ཡོད་འདུག

ཧོང་ཀོང་ནང་འདས་པའི་ལོ་མང་རིང་དམངས་གཙོའི་ཆེད་མི་མང་རང་བཞིན་གྱི་ངོ་རྒོལ་ལས་འགུལ་བསྟུད་མར་བྱུང་ཡོད་པ་དང་། ཉེ་སྔོན་ཡང་རྒྱ་ནག་མི་མང་འཐུས་མི་དང་སྲིད་གྲོས་གཉིས་ཀྱི་ཚོགས་ཆེན་ཐོག་གཏན་འབེབ་བྱུང་བའི་ཧོང་ཀོང་བདེ་འཇགས་ཀྱི་ཁྲིམས་ཡིག་གསར་པ་ཞེས་པར་ངོ་རྒོལ་ལས་འགུལ་སྤེལ་མུས་ཡིན་པ་དང་། རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ཝང་ཡཱེ་ཟེར་བས། ཁྲིམས་ཡིག་དེ་ནི་རྒྱལ་ཁབ་མགོ་རྟིང་སློག་མཁན་དང་། གཞུང་ལ་གྱེན་ལོག་མཁན། དེ་བཞིན། ཁ་བྲལ་ཤོག་ཁག་རྩ་མེད་གཏོང་ཐབས་ཀྱི་ཁྲིམས་ཡིག་ཅིག་ཡིན་སྐོར་ནན་བརྗོད་བྱས་ཡོད་འདུག

གསར་འགོད་པ། སྐལ་བཟང་སྦྱིན་པ།

བསྐྱར་བཅོས།: ༢༠༢༠/༠༦/༠༤

Leave a Reply