ས་ག་ཟླ་བའི་ཚེས་བཅོ་ལྔ་ནམ་ཡིན་ལ་བྱང་ཆུབ་ཀྱི་སེམས་ཐོག་ཡང་ཡང་བསམ་བློ་ཐོངས།

༧གོང་ས་མཆོག་གིས་བྱང་ཆུབ་ཀྱི་སེམས་སྒོམ་རྒྱུ་དེ་རང་གཅེས་འཛིན་ཁ་ཡོད་ལག་ཡོད་དེ་རེད་དྲན་གྱི་འདུག་ལ་འཕྲལ་དུ་བདེ་བ་དང་ཕུགས་ལ་ཕན་པ། རང་རོགས་གཉིས་སྐྱིད་པ་བཅས་ཚང་མ་སེམས་པ་བཟང་པོ་བྱས་ནས་ཡོང་གི་རེད་ཅེས་གསུངས་སོང་།དེ་རིང་སྔ་དྲོའི་ཆུ་ཚོད་ ༩ པའི་ཐོག་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ས་ག་ཟླ་བའི་ཚེས་བཅོ་ལྔ་དང་བསྟུན། བཞུགས་སྒར་རྒྱལ་བའི་ཕོ་བྲང་ནས་དྲ་ལམ་བརྒྱུད་སེམས་བསྐྱེད་ཆོ་ག་བཀའ་དྲིན་བསྩལ་སྐབས། སྟོན་པ་རྗེས་དྲན་བྱེད་རྒྱུ་གཙོ་བོ་དེ་སྟོང་ཉིད་ཀྱི་ལྟ་བ་དང་བྱང་ཆུབ་ཀྱི་སེམས་ཐོག་ལ་ཡང་ནས་ཡང་དུ་བསམ་བློ་གཏོང་རྒྱུ་དེ་ཡིན་སྐོར་དང་། མ་འོངས་པར་ས་ག་ཟླ་བའི་ཚེས་བཅོ་ལྔ་ནམ་ཡིན་ལ་ཚང་མས་སེམས་བསྐྱེད་བསྒོམ་ན་ཡག་པོ་ཡོད་སྐོར་བཀའ་སློབ་བསྩལ་སོང་།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཐོག་མར་བཀའ་སློབ་བསྩལ་དོན། དེ་རིང་འཛམ་གླིང་ས་གནས་འདྲ་མིན་ནང་ཡོད་པའི་ཆོས་གྲོགས་ཚང་མར་ལབ་རྒྱུ་ཞིག་ལ། དེ་རིང་ང་ཚོས་བཅོམ་ལྡན་འདས་མངོན་པར་རྫོགས་ནས་སངས་རྒྱས་པའི་ས་ག་ཟླ་བའི་དུས་ཚིགས་ཁྱད་པར་ཅན་ཞིག་ལ་བརྩིས་སྡོད་ཀྱི་ཡོད་པ་རེད། ང་ཚོ་སངས་རྒྱས་བཅོམ་ལྡན་འདས་ཀྱི་རྗེས་སུ་འབྲང་མཁན་ཞིག་ཡིན་དུས། དུས་ཚིགས་ཁྱད་པར་ཅན་འདི་རྗེས་དྲན་བྱེད་རྒྱུ་དེ་འབྲེལ་ཡོད་ཅིག་རེད། ད་ང་ཚོས་ས་ག་ཟླ་བ་དུས་དྲན་བྱེད་རྒྱུ་གཙོ་བོ་དེ་སངས་རྒྱས་ཀྱི་སྐུའི་ཡོན་ཏན་ཡོད་པ་རེད། གསུང་གི་ཡོན་ཏན་ཡོད་རེད། ཐུགས་ཀྱི་ཡོན་ཏན་ཡོད་རེད། ཡིན་ན་ཡང་གཙོ་བོ་དེ་ཐུགས་ཀྱི་ཡོན་ཏན་རེད་འདུག ཐུགས་ཀྱི་ཡོན་ཏན་དེའང་མགོན་པོ་ཀླུ་སྒྲུབ་ཀྱིས་དབུ་མ་རྩ་བ་ཤེས་རབ་ཀྱི་མཇུག་དེར་སྟོན་པའི་བཀའ་དྲིན་དྲན་ནས་བསྟོད་ཕྱག་མཛད་ཡོད་པ་དེའི་ནང་། གང་གིས་ཐུགས་བརྩེ་ཉེར་བཟུང་ནས། །ལྟ་བ་ཐམས་ཅད་སྤང་བའི་ཕྱིར། །དམ་པའི་ཆོས་ནི་སྟོན་མཛད་པ། །གཽཏམ་དེ་ལ་ཕྱག་འཚལ་ལོ། །ཞེས་ཐུགས་བརྩེ་བ་ཆེན་པོའི་གཞན་དབང་དུ་འགྱུར་བའི་སྒོ་ནས་ང་རང་ཚོ་གདུལ་བྱའི་བརྒྱུད་ཀྱི་ཉོན་མོངས་ལ། རྣམ་སྨིན་གྱི་ཉོན་མོངས་དང་ཤེས་རབ་ཉོན་མོངས་ཅན་ཞེས་གཉིས་ཡོད་པའི་ནང་ནས། འགན་ལྗིད་བ་དེ་ཤེས་རབ་ཉོན་མོངས་ཅན་ཡིན་པ་ལྟར། གང་ལྟར་ཡིན་ལུགས་ཀྱི་གནས་ཚུལ་སྟེང་ནས་ཤེས་རབ་ཉོན་མོངས་ཅན་དེ་སེལ་དགོས་པ་རེད། ཅེས་གསུངས་སོང་།

སྟོན་པ་བཅོམ་ལྡན་འདས་རྗེས་སུ་དྲན་སྟངས་སྐོར་ལ་༧གོང་ས་མཆོག་གིས། དཔལ་ལྡན་ཟླ་བ་གྲགས་པས་དབུ་མ་འཇུག་པའི་ནང་ལ། གང་ཕྱིར་བརྩེ་ཉིད་རྒྱལ་བའི་ལོ་ཐོག་ཕུན་ཚོགས་འདིའི། །ས་བོན་དང་ནི་སྤེལ་ལ་ཆུར་འདྲ་ཡུན་རིང་དུ། །ལོངས་སྤྱོད་གནས་ལ་སྨིན་པ་ལྟ་བུར་འདོད་གྱུར་པ། །དེ་ཕྱིར་བདག་གིས་ཐོག་མར་སྙིང་རྗེ་བསྟོད་པར་བགྱི། །ཞེས་སྙིང་རྗེ་ཆེན་པོའི་གཞན་དབང་དུ་འགྱུར་བའི་སྒོ་ནས་གདུལ་བྱ་ལ་ཕན་ཐོགས་མཛད་རྒྱུ་ཡོད་པ་རེད། ཡང་དེའི་གོང་དེར། ཉན་ཐོས་སངས་རྒྱས་འབྲིང་རྣམས་ཐུབ་དབང་སྐྱེས། །སངས་རྒྱས་བྱང་ཆུབ་སེམས་དཔའ་ལས་འཁྲུངས་ཤིང་། །སྙིང་རྗེའི་སེམས་དང་གཉིས་སུ་མེད་བློ་དང་། །བྱང་ཆུབ་སེམས་ནི་རྒྱལ་སྲས་རྣམས་ཀྱི་རྒྱུ། །ཞེས་གང་ལྟར་མངོན་པར་རྫོགས་པ་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་གཙོ་བོ་སྙིང་རྗེ་ཆེན་པོ་རེད། དེ་ནས་ཤེས་རབ་ཀྱིས་བྱང་ཆུབ་ལ་དམིགས། སྙིང་རྗེས་སེམས་ཅན་ལ་དམིགས་ཞེས་གསུངས་བ་ནང་བཞིན་དེ་ཁོ་ན་ཉིད་ཀྱི་ལྟ་བས་གྲོགས་བྱས་ནས། སྙིང་རྗེ་དེ་སེམས་ཅན་ལ་དམིགས་པའི་སྙིང་རྗེ། ཆོས་ལ་དམིགས་པའི་སྙིང་རྗེ། དེ་ཁོ་ན་ཉིད་ཀྱི་ལྟ་བ་དང་འབྲེལ་བའི་སྙིང་རྗེ་བཅས་གསུང་གི་འདུག་ཨ། འདི་འདྲ་ཡིན་དུས་ང་རང་ཚོས་སྟོན་པའི་བཀའ་དྲིན་དྲན་དགོས་པ་རེད་ལ། སྟོན་པ་རྗེས་དྲན་བྱེད་རྒྱུ་གཙོ་བོ་དེ་ང་རང་ཚོའི་ངོས་ནས་སྟོང་ཉིད་ཀྱི་ལྟ་བ་དང་བྱང་ཆུབ་ཀྱི་སེམས་ཐོག་ལ་ཡང་ནས་ཡང་དུ་བསམ་བློ་གཏོང་དགོས། དེ་འདྲ་བྱུང་ན་སྟོན་པའི་རྗེས་དྲན་གྱི་མཆོག་རེད། དེ་བཞིན་སྟོན་པའི་བཀའ་དྲིན་བསམ་རྒྱུའང་དེ་རང་རེད། ཅེས་བཀའ་སློབ་བསྩལ་སོང་།

ཡང་ཕན་པའི་བསམ་པ་བརྒྱུད་ལ་བསྐྱེད་དགོས་པའི་སྐོར་ལ་མགོན་པོ་གང་ཉིད་ཀྱིས། ངས་བྱང་ཆུབ་ཀྱི་སེམས་སྒོམ་རྒྱུ་དེ་རང་གཅེས་འཛིན་ཁ་ཡོད་ལག་ཡོད་དེ་རེད་བསམ་པ་དྲན་གྱི་ཡོད་པ་རེད། འཕྲལ་དུ་བདེ་བ། ཕུགས་ལ་ཕན་པ། རང་སྐྱིད་པ། རོགས་སྐྱིད་པ་བཅས་ཚང་མ་སེམས་པ་བཟང་པོ་བྱས་ནས་ཡོང་གི་འདུག་ཨ། ཆོས་ཁས་མི་ལེན་མཁན་གྱི་མི་ཞིག་ཡིན་ནའང་། སེམས་པ་བཟང་པོ་བྱས་ན་གྲོགས་པོ་མང་པོ་ཡོང་གི་རེད། མི་ཚང་མས་དགའ་པོ་བྱེད་ཀྱི་རེད། བྱང་ཆུབ་ཀྱི་སེམས་མེད་པར་རང་གཅེས་འཛིན་རྐྱང་རྐྱང་བསམ་བློ་བཏང་ནས་རང་དོན་ཁོག་ལ་བཅུག་ན། སོ་སོའང་སེམས་ལ་དངངས་སྐྲག་དང་དོགས་པ། རྣམ་རྟོག་བཅས་ཀྱིས་མ་སྐྱིད་པ་ཡོང་བསྡད་རྒྱུ་ཞིག་དང་། རོགས་པ་ཚོས་ཀྱང་ཞེ་དྲགས་བརྩི་ཡི་མ་རེད། མི་རྒྱུ་ཆེན་དང་ཆབ་སྲིད་ཀྱི་དབང་ཡོད་པ་དེ་དག་ལ་མདུན་ནས་ངོ་དགའ་སྤྲེལ་ལད་ལྟ་བུ་བྱེད་ཀྱི་རེད་མ་གཏོགས། རྒྱབ་ནས་ཤ་ཚ་བྱེད་མཁན་ཡོད་པ་མ་རེད། ཕན་པའི་བསམ་པ་ཡག་པོ་ཡོད་ན། དུད་འགྲོ་ཚུན་ཆད་ཀྱིས་དགའ་པོ་བྱེད་ཀྱི་འདུག་ཨ། ཕན་པའི་བསམ་པ་ཟེར་རྒྱུ་དེ་དཔེ་གལ་ཆེན་པོ་རེད་བཞག ཆོས་ཡོད་ན་མེད་ན། གང་ལྟར་བྱང་ཆུབ་སེམས་པ་ཟེར་བ་དེ། ཤེས་རབ་ཀྱི་གྲོགས་དང་བཅས་པའི་ཕན་པའི་བསམ་པ་རྒྱུ་མཚན་ལྡན་པ། གནས་སྐབས་དང་མཐར་ཐུག་གི་འདོད་དོན་ཚང་མ་སྒྲུབ་རྒྱུར་དམིགས་ཡུལ་འཛིན་པའི་བློ་ཞིག་ཡིན་དུས། རང་གཞན་དོན་ནི་རབ་སྒྲུབ་ཕྱིར། །བྱང་ཆུབ་སེམས་ནི་བསྐྱེད་པར་བགྱི། །ཞེས་འདི་ལྟ་བུའི་སེམས་ཞིག་སྐྱེས་ནས། བྱང་ཆུབ་མཆོག་གི་སེམས་ནི་བསྐྱེད་བགྱིས་ནས། །སེམས་ཅན་ཐམས་ཅད་བདག་གིས་མགྲོན་དུ་གཉེར། །བྱང་ཆུབ་སྤྱོད་མཆོག་ཡིད་འོང་སྤྱད་པར་བགྱི། །འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག །ཟེར་བ་འདིས་སེམས་ཅན་ཐམས་ཅད་བདག་གིས་བདེ་བའི་དོན་དུ་གཉེར་གྱི་ཡིན། དཔེར་ན་ང་ཚོ་མི་ཕལ་པ་ཞིག་ཡིན་ནའང་། དེ་རིང་སྐུ་མགྲོན་ལ་ཕེབས་ཤོག་ཨང་ཟེར་ནས་གདན་འདྲེན་ཞུས། སྐུ་མགྲོན་ཕེབས་པའི་ཁ་ཐུག་དེར་ཇ་ཇ་རྐྱང་དང་། སྤག་སྤག་རྐྱང་ཞིག་སྤྲད་ནས་བཞག་ན་ཡག་པོ་མི་འདུག་ཨ། དེར་བརྟེན་སེམས་ཅན་ཐམས་ཅད་བདག་གིས་མགྲོན་དུ་གཉེར་བ་ཡིན་དུས། མགྲོན་དུ་གཉེར་བའི་སེམས་ཅན་དེ་དག་གི་གནས་སྐབས་དང་མཐར་གཏུག་གི་རེ་བ་བསྐོང་རྒྱུ་དང་། འདོད་དོན་བསྒྲུབ་རྒྱུ་ཞིག་ང་ཚོས་བྱེད་དགོས་པ་རེད། ཅེས་སོགས་བཀའ་སློབ་བཟང་པོ་སྨིན་བསྩལ་མཛད་སོང་།

མཇུག་དེར་༧གོང་ས་མཆོག་ནས་དེ་རིང་ས་ག་ཟླ་བའི་དུས་ཆེན་ཁྱད་པར་ཅན་ལ་ངས་དགེ་བའི་སྐུལ་མ་འདི་འདྲ་བྱས་པ་ཡིན། ཕྱིན་ཆད་ནས་དེ་སྔོན་ཞུས་པ་ལྟར་ལོ་ཉི་ཤུ་རྩ་གྲངས་ནང་ང་ཡང་འཚོ་ཡི་རེད། ཚང་མས་ས་ག་ཟླ་བའི་ཚེས་ ༡༥ ནམ་ཡིན་ལ་སེམས་བསྐྱེད་ཡག་པོ་བྱས་ནས་དགོངས་པ་བཞེས་རྒྱུ་དང་། དེའི་སྔོན་འགྲོ་ལ་སྟོང་ཉིད་ཀྱི་ལྟ་བ་དང་སྙིང་རྗེ་ལ་ཡག་པོ་བསམ་བློ་བཏང་ནས་གནང་ཤོག་ཨང་། ཞེས་བཀའ་སློབ་བསྩལ་སོང་།

གསར་འགོད་པ། པ་སངས་ཚེ་རིང་།

 

བསྐྱར་བཅོས།: ༢༠༢༠/༠༦/༠༥

Leave a Reply