རྒྱ་ནག་གསར་པ་མགོ་བཙུགས་ཡོད་སྐོར་བསྒྲགས།

ཨ་རིའི་ནང་ཡོད་པའི་རྒྱ་རིགས་རྐང་སྤོལ་བ་ཟུར་པ་ཧོ་ཧེ་ཏུང་དང་ཕྱུག་བདག་གོ་ཝུན་ཀེ་སོགས་ཀྱིས་རྒྱ་ནག་རྒྱལ་ཕྲན་མཉམ་འབྲེལ་གསར་པའི་བསྒྲགས་གཏམ་ཟེར་བ་ཞིག་སྤེལ།ཨ་རིའི་ནེའུ་ཡོག་དུས་བབ་དང་ཝ་ཤིན་ཊོན་ཆ་འཕྲིན་གསར་ཁང་སོགས་ཀྱིས་སྤེལ་བའི་གནས་ཚུལ་ལྟར་ན། ཁ་སང་རྒྱ་ནག་ནང་དྲུག་བཞིའི་དོན་རྐྱེན་བྱུང་སྟེ་ལོ་ངོ་ ༣༡ འཁོར་བའི་དུས་དྲན་དང་བསྟུན། ཡུ་ཊོབ་དྲ་ལམ་བརྒྱུད་རྒྱ་ནག་གཞུང་གི་ཁ་གཏད་པ་ཕྱུག་བདག་གོ་ཝུན་ཀེ་དང་། རྐང་སྤོལ་བ་གྲགས་ཅན་ཟུར་པ་ཧོ་ཧེ་ཏུང་ (Hao Haidong)སོགས་མཉམ་འབྲེལ་གྱིས། རྒྱ་ནག་གཞུང་གིས་ཕྱི་ལོ་ ༡༩༨༩ ལོའི་དྲུག་བཞིའི་དོན་རྐྱེན་གཙོས་པའི་འཛམ་གླིང་ནང་ཏོག་དབྱིབས་གཉན་རིམས་འགོས་ཁྱབ་ཏུ་བཏང་བ་སོགས་ཚད་ལས་བརྒལ་བའི་བྱས་ཉེས་ལ་སྐྱོན་བརྗོད་དྲག་པོ་བྱས་ཏེ། ཁ་སང་དྲུག་བཞིའི་དུས་དྲན་ཉིན་མོར་རྒྱ་ནག་གསར་པ་ཞེས་པ་མགོ་བཙུགས་ཏེ་རྒྱ་ནག་རྒྱལ་ཕྲན་མཉམ་འབྲེལ་གསར་པའི་བསྒྲགས་གཏམ་ཞེས་པ་ཞིག་ཀྱང་ཡོངས་བསྒྲགས་བྱས་འདུག

གཞུང་གསར་མགོ་བཙུགས་པ་ཡིན་སྐོར་གྱི་མཛད་སྒོ་དེ་ཆུ་ཚོད་ ༡༡ ཙམ་ཐད་གཏོང་བརྒྱུད་བཏང་ཡོད་པ་དང་། སྐབས་དེར་ཨ་རིའི་ནང་སྐྱབས་བཅོལ་དུ་ཡོད་པའི་རྒྱ་རིགས་ཕྱུག་བདག་གོ་ཝུན་ཀེ་དང་། ཨ་རིའི་ཕོ་བྲང་དཀར་པོའི་འཐབ་ཇུས་མགོ་དཔོན་ཟུར་པ་སི་ཊི་ཝེ་(Steve Bannon)གཉིས་ཀྱིས། ཨ་རིའི་གྲོང་ཁྱེར་ནེའུ་ཡོག་གི་ཧོད་སོན་གཙང་པོའི(Hudson River)འགྲམ་གྱི་རང་དབང་ལྷ་མོའི་མཁའ་དབྱིངས་སུ་ཐད་འཕུར་གནམ་གྲུ་བཏང་སྟེ། ཧི་མ་ལ་ཡའི་ལྟ་སྐུལ་སྒྲིག་འཛུགས་ཞེས་པའི་འཕྲེད་དར་ཁྱབ་བསྒྲགས་བྱས་ཡོད་པ་མ་ཟད། སྐབས་དེར་གོ་ཝུན་ཀེ་ཡིས། རྒྱ་རིགས་མི་མང་ཐེར་འབུམ་ ༡།༣ གཙོ་བྱས་པའི་བོད་དང་ཧོང་ཀོང་། ཞིན་ཅང་དང་ཐའེ་ཝན་མི་མང་སོགས་ལ་འཚམས་འདྲི་དང་སྦྲགས། ད་ལྟ་ང་ཡོད་ས་འདི་ཨ་རིའི་རང་དབང་ལྷ་མོའི་མདུན་དུ་ཡིན་ལ། ང་ཚོས་དེ་རིང་འདི་ནས་རྒྱ་ནག་གཞུང་གསར་པ་ཞིག་མགོ་འཛུགས་བྱས་པ་ཡིན། ཞེས་དང་། རྒྱ་ནག་ནི་ཁྱིམ་ཚང་གཅིག་གམ་ཡང་ན་ཁྱིམ་ཚང་ཁག་ཅིག་ལ་བདག་གི་མེད་པར་མི་མང་ལ་བདག་གི་ཡོད་པས། གསར་དུ་བཙུགས་པའི་རྒྱ་ནག་གཞུང་གསར་པ་དེའི་བདག་པོ་མི་མང་ཡིན་པ་དང་། མི་མང་ལ་རང་དབང་དང་འདྲ་མཉམ་གྱི་ཐོབ་ཐང་སོགས་ཡོང་སླད། ད་སྔ་བར་མི་མང་ལ་སྡུག་སྦྱོང་དང་དྲག་གནོན་གཏོང་མཁན་རྒྱ་ནག་དམར་ཤོག་ཚོགས་པ་མཇུག་བསྡུ་དགོས་ཀྱི་ཡོད་སྐོར་སོགས་བརྗོད་འདུགརྒྱ་ནག་རྒྱལ་ཕྲན་མཉམ་འབྲེལ་གསར་པའི་བསྒྲགས་གཏམ་ཞེས་པའི་ནང་དུ། རྒྱ་ནག་དམར་ཤོག་ཚོགས་པ་ནི་འཇིགས་སྐུལ་ཚོགས་པ་དང་། ཁྲིམས་ཀྱི་དབང་སྒྱུར་ལ་རྩིས་མེད་ཀྱིས་དམངས་གཙོ་རྡོག་རྫིས་གཏོང་མཁན་ཞིག་ཡིན་པ་མ་ཟད། རྒྱ་ནག་གཞུང་གིས་ཏོག་དབྱིབས་གཉན་རིམས་བརྒྱུད་འཛམ་གླིང་ལ་སྐྱེ་དངོས་མཚོན་ཆས་དམག་འཁྲུག་མགོ་བརྩམས་ཡོད་པ་སོགས་ཀྱི་སྐྱོན་བརྗོད་བྱས་ཏེ། ད་ལྟའི་རྒྱ་ནག་གི་ཆབ་སྲིད་ལམ་ལུགས་འདི་མཇུག་བསྡུ་དགོས་པ་དང་། རྒྱ་ནག་དམར་ཤོག་ཚོགས་པར་ཚོར་ཤུགས་ཧ་ཅང་སྐྱེན་པོ་ཡིན་པའི་བོད་དང་ཧོང་ཀོང་། ཐའེ་ཝན་བཅས་རང་སྲིད་རང་སྐྱོང་སྤྲོད་དགོས་པ་སོགས་ཀྱི་དོན་ཚན་ ༡༨ ཡོད་འདུག

རྒྱ་ནག་གཞུང་གིས་ཧོང་ཀོང་གཙོས་པའི་ཨོ་མིན་སོགས་ཀྱི་ནང་དྲུག་བཞིའི་དོན་རྐྱེན་སྲུང་བརྩི་མཚམས་འཇོག་ཐབས་བྱེད་བཞིན་པ་དང་། ཧོང་ཀོང་བདེ་འཇགས་ཀྱི་ཁྲིམས་གཞི་སོགས་ཀྱི་རྐྱེན་པས་རྙོག་ཟིང་འབྱུང་བཞིན་པའི་སྐབས་དང་ཁེལ་ཡོད་ལ། ཧོ་ཧེ་ཏུང་གིས་གསལ་བསྒྲགས་དེ་བྱས་རྗེས། རྒྱ་ནག་ནང་ཁྱབ་ཆེ་བའི་ཁོའི་ཝི་པོ་དྲ་ཚིགས་དེ་མ་ཐག་ཏུ་སྒོ་བརྒྱབ་ཡོད་འདུག་ལ། རྒྱ་ནག་གི་རྩེད་རིགས་ཆེད་གཉེར་གསར་ཁང་(Titan)གིས། ཧོ་ཧེ་ཏུང་གིས་རྒྱ་ནག་གཞུང་ལ་ངོ་ལོག་བྱས་པར་སྐྱོན་བརྗོད་དང་སྦྲགས། མ་འོངས་པར་ལུས་རྩལ་བ་ཁོའི་སྐོར་གྱི་གནས་ཚུལ་གཅིག་ཀྱང་སྤེལ་རྒྱུ་མིན་སྐོར་བརྗོད་ཡོད་པ་རེད།

བོད་རྒྱའི་གནད་དོན་ཉམས་ཞིབ་པ་རྩོམ་པ་པོ་སངས་རྒྱས་སྐྱབས་ལགས་སུ་ཧི་མ་ལ་ཡའི་ལྟ་སྐུལ་སྒྲིག་འཛུགས་ཞེས་པའི་ཚོགས་པ་དེའི་མིང་དང་དགོས་དམིགས་ག་འདྲ་ཞིག་ཡིན་པ་སོགས་དྲིས་པར་ཁོང་གིས། ཚོགས་པ་དེའི་མིང་ལོ་གཅིག་གཉིས་ཞིག་གི་སྔོན་ནས་རྒྱ་ནག་གི་གསང་ཉུལ་བ་ཟུར་པ་ཚོང་པ་ཆེན་པོ་གོ་ཝིན་ཀེ་ཡིས་དྲ་རྒྱའི་ཐོག་བེད་སྤྱོད་བྱེད་བཞིན་པ་དེ་རེད།  བསྒྲགས་གཏམ་སྤེལ་མཁན་རྒྱ་ནག་གི་རྐང་སྤོལ་རྩེ་མཁན་ཟུར་པ་ཧོ་ཧེ་ཏུང་ཟེར་བ་དེ་རེད།  ཁོ་དང་གོ་ཝིན་ཀེ་ཁོ་ཚོ་གཅིག་པ་རེད་ལ། གོ་ཡིས་རྒྱ་ནག་གི་གསང་བ་ཡིན་ཟེར་ནས་བདེན་རྫུན་མང་པོ་ཞིག་བཤད་ཀྱི་ཡོད་སྐོར་དང་། མ་གཞི་འདི་གལ་ཆེན་པོ་མ་རེད། ཁོ་ཚོས་འཁྲབ་ཀྱི་ཡོད་པ་རེད། ངས་དང་པོ་ནས་ཧི་མ་ལ་ཡ་རྒྱ་དང་འབྲེལ་བ་མེད་པ་རེད་ཅེས་བསྒྲགས་གཏམ་ནང་བོད་བཅུགས་པ་དེར་མཐའ་གཅིག་ཏུ་ངོ་རྒོལ་བྱས་པ་ཡིན། དོན་དམ་པའི་དེ་འདྲའི་རྒྱལ་ཕྲན་མཉམ་འབྲེལ་འཛུགས་དགོས་ན་བོད་པར་སྐད་ཆ་འདྲི་དགོས་པ་དང་། གྲོས་མོལ་བྱེད་དགོས་པ་དེ་འདྲ་རེད། ཡིན་ཡང་ཁོ་ཚོས་རྒྱ་ནག་ཆེན་པོའི་ལྟ་བ་ཁུར་ནས་དེ་སྔོན་རྒྱ་ནག་མི་སེར་རྒྱལ་ཁབ་ཀྱི་བོད་སོག་སོགས་མི་རིགས་ལྔ་རྒྱ་ནག་ནང་བཅུག་པ་དང་གཅིག་པ་རེད། བོད་པར་འདོད་པ་ཡོད་མེད་ཙམ་གྱི་སྐད་ཆ་མེད་པར་རྒྱ་ནག་ནང་དུ་བཅུགས་པ་རེད། དེ་བས་དོན་དག་འདི་དག་ནས་མཐོང་པ་ནི་རྒྱ་ནག་དམར་ཤོག་གི་ནད་དེ་ཁྱབ་མེད་པའི་རྒྱ་རིགས་ཧ་ཅང་དཀོན་པོ་ཡིན་པ་བསྟན་པ་རེད་བསམ་གྱི་འདུག ཅེས་བརྗོད་བྱུང་།

གསར་འགོད་པ། སྐལ་བཟང་སྦྱིན་པ།

བསྐྱར་བཅོས།: ༢༠༢༠/༠༦/༠༥

Leave a Reply

3 thoughts on “རྒྱ་ནག་གསར་པ་མགོ་བཙུགས་ཡོད་སྐོར་བསྒྲགས།

  1. རྒྱ་ནག་གསར་བ་མགོ་བཙུགས་ཡིན་ཟེར་ནས་རྒྱལ་གླུ་གསར་བ་ཞིག་ཀྱང་བཟོས་འདུག ཡིན་ཡང་ཧི་མ་ལ་ཡའི་མིང་དེའི་ནང་བཞག་དགོས་དོན་གང་ཡིན་ནམ། དེ་ལ་ངོས་ལེན་མེད་ཟེར་ཡིན། རྒྱ་ནག་དམངས་གཙོ་ཅན་བསྒྱུར་ན་དགའ་བའི་གནས་ཡིན་ལ་མྱུར་མོ་འགྲུབ་བའི་སྨོན་ལམ་ཡང་ཡོད།

  2. ང་ཚོས་ད་བར་དུ་འདི་ལྟ་བའི་རྒྱ་ནག་གསར་ཞིག་་ལ་བསྒུགས་བསྡད་ཡོད་པ་མ་རེད་དམ། རྒྱ་དམར་་ལ་ཞུ་ས་ཙམ་ཡང་མ་རྙེད་པ་དེ་རྒྱ་སྔོན་གྱིས་གསོལ་རས་གནང་འདུག་ག ད་ཉབ་བེ་ཉོབ་བེ་ཅི་ཞིག་བཤད་ཀྱིན་ཡོད། མི་འདི་ལྟ་བུ་ང་ཚོས་དགྲ་ཡིན་ན་རྒྱ་མི་དུང་ཕྱུར་ནང་ནས་ང་ཚོ་ལ་གྲོགས་ཞིག་རེག་གི་མ་རེད། རང་ཉིད་ལ་གང་དགོས་པ་དེ་ཁ་ནས་བཤད་ཐུབ་པའི་སྤོབས་པ་ཙམ་ཡང་མེད་པར་ཕ་རོལ་བོས་མཁྱེན་མ་སོང་གི་ལེ་བདའ་བྱས་ན་ཕན་གྱི་མ་རེད། རྒྱ་ནག་གི་སོ་བ་ཡིན་པའི་སྒྲུབ་བྱེད་ལ་ཡང་རྒྱ་དམར་དང་རྒྱ་ནག་པ་ཚོས་བཤད་ཀྱིན་འདུག་ཟེར་བ་མ་གཏོགས་གཞན་ཅི་ཡོད། མི་གཤིས་ལ་སྣང་བ་འགྲོ་རུང་མི་འགྲོ་རུང་མི་རྒོད་པོ་རེད། དུས་རབས་ཤིག་གི་དཔའ་བོ་རེད། དེ་ལས་ཀྱང་ཁེས་མི་ལེན་རང་ལེན་ཞིག་ནི་རྒྱ་དམར་གྱི་གཉེན་པོ་ཞིག་རེད།

  3. ལྷ་སྡེ་གནམ་ལོ་ཡག

    དྲང་མོར་བཤད་ན། སྐུ་ཞབས་ཀོ་ཝུན་ཀོས་རྒྱལ་བ་རིན་པོ་ཆེ་ལ་དབུ་བསྐོར་བཏང་ཡོད། ཐ་ན་རྒྱལ་བ་རིན་པོ་ཆེ་ནས་ཞིས་ཅིན་ཕེན་ལ་བྲིས་པའི་ཕྱག་འཕྲིན་ཡང་དེང་སྐབས་ཀོ་ཡིས་ཨ་རིའི་ནང་སྐྱབས་བཅོལ་ཞུ་བྱེད་ལ་བཀོལ་གྱི་ཡོད། དེ་བས། བོད་པ་ཚང་མ་ཐེངས་གཉིས་པའི་མགོ་བསྐོར་འོག་ཚུད་དོན་མེད། ད་དུང་ཀོ་ལ་རྒྱལ་བའི་ཕྱག་འཕྲིན་བདའ་འདེད་བྱེད་དགོས་པའི་དུས་སུ་བབས་ཡོད།