འདི་ལོའི་རྩོམ་འབྲིའི་གཟེངས་རྟགས་བཀག་ཉར་འོག་གི་རྩོམ་པ་པོ་ཞིག་ལ་ཐོབ།

རྒྱ་ནག་གི་སྤྱི་དམངས་ཐོབ་ཐང་འཐབ་རྩོད་པ་དང་བོད་དོན་རྒྱབ་སྐྱོར་བ་སྐུ་ཞབས་ཞེ་ཀྲི་ཡུང་ལགས་ལ་རྒྱལ་སྤྱིའི་པེན་རྩོམ་པ་པོའི་མཐུན་ཚོགས་ཀྱི་འདི་ལོའི་རྩོམ་འབྲིའི་རང་དབང་ཆེད་བསྟོད་གཟེངས་རྟགས་ཐོབ་འདུག
ཁ་སང་ཕྱི་ཚེས་ ༤ ཉིན་གྱི་རྒྱ་ནག་གི་དྲུག་བཞིའི་དམངས་གཙོའི་ལས་འགུལ་རྗེས་དྲན་གྱི་ཉིན་མོ་དང་བསྟུན། ཨ་རིའི་ནང་ཡོད་པའི་རྒྱལ་སྤྱིའི་པེན་རྩོམ་པ་པོའི་མཐུན་ཚོགས་ཀྱིས་ད་ལྟའི་ཆར་རྒྱ་ནག་གཞུང་གི་བཀག་ཉར་འོག་ཡོད་པའི་རྒྱ་ནག་གི་ཆབ་འབངས་གསར་པའི་ལས་འགུལ་ཚོགས་པ་འཛུགས་མཁན། སྐུ་ཞབས་ཞེ་ཀྲི་ཡུང་(Xu Zhiyong)ལགས་སུ་ཕྱི་ལོ་ ༢༠༢༠ ལོའི་པེན་རྩོམ་པ་པོའི་མཐུན་ཚོགས་ཀྱི་བྷར་བྷེ(Barbey Freedom to Write Award)རྩོམ་འབྲིའི་རང་དབང་ཆེད་བསྟོད་གཟེངས་རྟགས་འབུལ་གཏན་འཁེལ་ཡོད་འདུག

གནས་ཚུལ་དེའི་སྐོར་ལ་ཨ་རིའི་རྒྱལ་སྤྱིའི་པེན་རྩོམ་པ་པོའི་མཐུན་ཚོགས་ཀྱི་དྲ་རྒྱའི་སྟེང་སྤེལ་བའི་གནས་ཚུལ་ནང་། རྒྱ་ནག་གི་གནམ་སྡེའི་སྒོ་མོ་ཆེའི་དྲུག་བཞིའི་དོན་རྐྱེན་བྱུང་ནས་ལོ་ངོ་ ༣༡ འཁོར་བའི་ཉིན་མོ་དང་བསྟུན། ཨ་རིའི་པེན་རྩོམ་པ་པོའི་མཐུན་ཚོགས་ནས་རྒྱ་ནག་གི་རྩོམ་པ་པོ་སྐུ་ཞབས་ཞེ་ཀྲི་ཡུང་ལགས་སུ་གཟེངས་རྟགས་དེ་འབུལ་གཏན་འཁེལ་བ་གསལ་བསྒྲགས་བྱས་པ་ཡིན་ལ། སྐུ་ཞབས་ཞེ་ཀྲི་ཡུང་ནི་དུས་ཡུན་རིང་བོར་རྒྱ་ནག་གི་སྤྱི་དམངས་རང་དབང་འཐབ་རྩོད་ཀྱི་སྣེ་ཁྲིད་མཁན་དང་། རྒྱ་ནག་དམར་ཤོག་ཚོགས་པ་དང་མགོ་ཁྲིད་ཞི་ཅིན་ཕིན་གྱི་སྲིད་དབང་སྒེར་གཅོད་ལ་ཡིག་ངག་གཉིས་ནས་འཐབ་རྩོད་ཤུགས་བྱས་ཡོད་སྐོར་བཀོད་འདུག

དེ་བཞིན་ཨ་རིའི་པེན་རྩོམ་པ་པོའི་འགན་འཛིན་ལྕམ་སོ་ཛི་ནའེ་ནོ་སིལ་(Suzanne Nossel)ལགས་ཀྱིས། སྐུ་ཞབས་ཞོ་ཡི་རྩོམ་ཡིག་ཁག་གིས་རྒྱ་ནག་གི་དེང་རབས་ལོ་རྒྱུས་ཁྲོད་ཀྱི་ཉེན་འཕྲང་ཆེ་བའི་དུས་སྐབས་ལ་བསམ་བློའི་རྒྱང་འབོད་བྱས་ཡོད་པ་དང་། དེ་ཡི་ཉེར་ལེན་ལ་བརྟེན་ནས་ཁོང་འཛིན་བཟུང་བྱས་པ་མངོན་གསལ་ཡིན་པ་དང་། ཁོང་གིས་རྒྱ་ནག་གི་མགོ་ཁྲིད་ཞི་ཅིན་ཕིན་གྱིས་མིག་རྒྱང་ཐུང་བ་དང་དཔྱད་ཞིབ་མེད་པའི་མགོ་ཁྲིད་བྱེད་ཐབས་དང་། ལྷག་པར་ཏོག་ནད་སྐབས་རྒྱ་ནག་གཞུང་གི་འཐུས་ཤོར་སོགས་ལ་དཔྱད་ཞིབ་རང་བཞིན་གྱི་རྩོམ་ཡིག་སྤེལ་ཡོད་སྟབས། རྒྱ་ནག་གཞུང་གིས་ཁོང་འཛིན་བཟུང་དང་གར་སོང་ཆ་མེད་ཀྱི་གནས་སུ་བཞག་ཡོད་པ་དང་། གནད་དོན་དེ་ནི་རྒྱ་ནག་གཞུང་གིས་རྒྱལ་སྤྱིའི་སྟེང་རྒྱ་ནག་གི་ཏོག་ནད་གནས་ཚུལ་གྱི་ཁ་ཕྱོགས་བསྒྱུར་འདོད་པ་ཞིག་ཡིན་ལ། ཞོ་ཡིས་རྒྱ་ནག་གཞུང་གི་གཅིག་སྡུད་སྲིད་དབང་དང་སྤྱི་ཚོགས་འདྲ་མཉམ། ཁྲིམས་ཀྱིས་སྲིད་སྐྱོང་དགོས་པ་སོགས་ཀྱི་རེ་འབོད་དང་ལས་འགུལ་སྤེལ་བ་དེ་དག་ནི་མ་འོངས་པའི་རྒྱ་ནག་རྒྱལ་ཁབ་ཀྱི་གཟི་བརྗིད་ཅིག་ཆགས་སྐོར་སོགས་བརྗོད་འདུག

སྐུ་ཞབས་ཞོ་ཀྲི་ཡུང་ལགས་ནི་ནམ་རྒྱུན་ཏུ་རྒྱ་ནག་དམར་ཤོག་ཚོགས་པའི་སྲིད་དབང་སྒེར་གཅོད་ལ་ཡིག་ངག་གཉིས་ཐོག་ནས་འཐབ་རྩོད་བྱེད་མཁན་ཞིག་ཡིན་པ་མ་ཟད། ཁོང་གིས་ཐེངས་མང་ལ་རྒྱ་ནག་ནང་དམངས་གཙོ་དང་སྨྲ་བརྗོད་རང་དབང་འདྲ་མཉམ། རྒྱལ་སྲིད་ཁྲིམས་ཀྱིས་སྐྱོང་དགོས་པའི་ལས་འགུལ་རིམ་པར་སྤེལ་སྟབས། རྒྱ་ནག་གཞུང་གིས་རྒྱུན་དུ་ལྟ་རྟོག་དང་བཀག་ཉར་འཛིན་བཟུང་ཐེངས་མང་བྱས་ཡོད་པ་དང་། འདི་ལོའི་ཕྱི་ཟླ་ ༢ ནང་རྒྱ་ནག་གཞུང་གིས་ཏོག་དབྱིབས་རིམས་ནད་སྐོར་གྱི་གནས་ཚུལ་སྦས་གསང་དང་། སྨན་པ་དང་གསར་འགོད་པ་སོགས་འཛིན་བཟུང་གིས་མི་མང་གི་འཕྲོད་བསྟེན་བདེ་འཇགས་ཉེན་ཁའི་ནང་ལྷུང་བཅུག་པ་དང་། ཏོག་ནད་ཁྱབ་གདལ་ཤུགས་ཆེར་ཕྱིན་པ་དེ་རྒྱ་ནག་གི་མགོ་འཁྲིད་ཞི་ཅིན་ཕིན་གྱི་སྲིད་དབང་འཐུས་ཤོར་ཆེན་པོ་ཞིག་ཡིན་སྐོར་བརྗོད་པའི་རྩོམ་ཞིག་སྤེལ་བར་བརྟེན། འདི་ལོའི་ཕྱི་ཟླ་ ༢ ཚེས་ ༡༥ ཉིན་རང་ཁྱིམ་ནས་འཛིན་བཟུང་བྱས་ཏེ་གར་སོང་ཆ་མེད་དུ་གྱུར་ཡོད་འདུག

ཕྱི་ལོ་ ༢༠༡༢ ལོར་ཁོང་གིས་དེ་སྔ་རྒྱ་ནག་གི་ཆབ་འབངས་གསར་པའི་ལས་འགུལ་(New Citizens’ Movement)ཚོགས་པ་ཞེས་པ་ཞིག་གསར་འཛུགས་ཀྱིས། ཚོགས་པ་དེས་རྒྱ་ནག་མི་སེར་ཚོར་ཁྲིམས་ལུགས་ཀྱི་གོ་རྟོགས་དང་ཤེས་ཡོན་གྱི་ཐོབ་ཐང་། ཉམ་ཐག་ལ་རོགས་རམ། དཔོན་རིགས་ཚོའི་རྒྱུ་ནོར་ཐེར་འདོན། ཚོགས་མི་ཕན་ཚུན་བར་བསམ་ཚུལ་བརྗེ་ལེན་སོགས་ཀྱི་ལས་འགུལ་སྤེལ་ཡོད་པ་དང། ཁོང་གིས་རྒྱ་ནག་གཞུང་གིས་མི་མང་གི་རྒྱུ་ནོར་ཧམ་ཟ་བྱས་པར་ངོ་རྒོལ་དང་། རྒྱ་ནག་ནང་ཆབ་སྲིད་འཕོ་འགྱུར་དང་འགྲོ་བ་མིའི་ཐོབ་ཐང་དགོས་སྐོར་ངོ་རྒོལ་སྐད་འབོད་བྱས་སྟབས། ཕྱི་ལོ་ ༢༠༡༣ ལོར་རྒྱ་ནག་གཞུང་གིས་ཁོང་ལ་ལོ་ངོ་ཧྲིལ་བོ་ ༤ རིང་བཙོན་འཇུག་ཁྲིམས་ཐག་བཅད་མྱོང་ཡོད་འདུག

དེ་བཞིན་ཕྱི་ལོ་ ༢༠༠༩ སོགས་སུ་བོད་ས་ཡོངས་སུ་རྒྱ་ནག་གཞུང་ལ་ངོ་རྒོལ་ལས་འགུལ་སྤེལ་བ་དང་བསྟུན། ཁོང་གི་ཆབ་འབངས་གསར་བའི་ཚོགས་པས་རྒྱ་ནག་གཞུང་གི་བོད་ཐོག་འཛིན་པའི་སྲིད་བྱུས་ལ་སྐྱོན་བརྗོད་བྱས་པའི་སྙན་ཐོ་ཞིག་ཕྱིར་བསྒྲགས་གནང་ཡོད་པ་དང་། ཤོག་གྲངས་ ༢༢ ཅན་གྱི་སྙན་ཐོ་དེའི་ནང་པེ་ཅིང་གཞུང་གིས་རོགས་རམ་འོག་སྐུ་དྲག་གསར་པ་ཁག་གཅིག་གིས་བོད་ཀྱི་ས་ཁུལ་ཁག་ཏུ་དབང་བསྒྱུར་བྱེད་བཞིན་ཡོད་པ་དང་། ཁོ་ཚོར་པེ་ཅིང་གཞུང་གིས་མཐུན་འགྱུར་རོགས་རམ་བྱེད་བཞིན་ཡོད་པར་བརྟེན། པེ་ཅིང་གཞུང་གིས་གང་བཤད་ལ་ཁོང་ཚོས་བཀའ་གསུང་ཅི་སྒྲུབ་ཞུ་རྒྱུའི་རེ་ངན་འཆང་བཞིན་ཡོད། བོད་ནང་གི་སྐུ་དྲག་གསར་པ་དེ་དག་གིས་རང་གི་དབང་ཆ་མི་ཤོར་བ་དང་རང་སྐྱོན་འགེབ་ཆེད་ཉེན་ཁ་ཁག་ཆ་ཚང་བོད་ཀྱི་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་ལ་དཀྲིས་ཏེ་འཁྱོག་བཤད་ཀྱི་དྲིལ་བསྒྲགས་བྱས་དང་བྱེད་མུས་ཡིན་སྐོར་སྐྱོན་བརྗོད་གནང་ཡོད་པ་རེད།

ཁོང་ནི་རྒྱ་ནག་ནང་ལོག་གི་རང་དབང་འཐབ་རྩོད་པ་ཞིག་ཡིན་པ་མ་ཟད། བོད་དང་གྲངས་ཉུང་མི་རིགས་ཁག་ལ་རྒྱ་ནག་གཞུང་གིས་གནར་གཅོད་གཏོང་བཞིན་པར་ངོ་རྒོལ་ཤུགས་ཆེན་བྱེད་མཁན་ཞིག་ཀྱང་ཡིན་འདུག ཕྱི་ལོ་ ༢༠༡༤ ལོར་ཞོ་ཀྲི་ཡུང་ལགས་དངོས་སུ་བོད་བྱང་ཤར་ཁུལ་དུ་རང་ལུས་མེར་སྲེག་གི་གནད་དོན་ཐོག་རྟོག་ཞིབ་གནང་ཆེད་ཕེབས་ཡོད་པ་དང་། ལོ་དེའི་འགོ་སྟོད་དུ་འཛམ་ཐང་དགོན་པའི་ཉེ་འགྲམ་དུ་བོད་མི་ན་གཞོན་སྣང་གྲོལ་ལགས་ཀྱིས་རང་ལུས་མེར་སྲེག་བཏང་རྗེས། ཁོང་གིས་ཨ་རིའི་ནེའུ་ཡོག་དུས་བབ་ཚགས་པར་གྱི་རྩོམ་སྒྲིག་པའི་གླེང་སྟེགས་ཐོག འབར་བཞིན་པའི་བོད། ཅེས་པའི་རྩོམ་ཡིག་གཅིག་སྤེལ་ཡོད་པ་དང་། རྩོམ་ཡིག་དེའི་ནང་སྣང་གྲོལ་ལགས་ཀྱི་གཙོས་བོད་མི་ཚོས་རང་དབང་གི་དོན་དུ་རང་སྲོག་བློས་གཏོང་བཞིན་པ་དེར་ང་ཚོ་རྒྱ་མི་རིགས་ཚོས་བཟང་ངན་གྱི་རྣམ་འགྱུར་གང་ཡང་མ་བསྟན་པར་ཁུ་སིམ་མེར་བསྡད་པ་དེར་ངས་དགོངས་སེལ་ཞུ་རྒྱུ་ཡིན། སྤྱིར་ང་ཚོ་ཡང་ནང་འཁྲུག་དང་ཆགས་སྡང་དབང་གིས་ཕན་ཚུན་རྩོད་གླེང་དང་གཅིག་གིས་གཅིག་རྩ་མེད་བཟོ་རྒྱུའི་སྤྱི་ཚོགས་ཀྱི་གཞན་དབང་འོག་ཚུད་ནས་དཀའ་སྡུག་མྱོང་བཞིན་ཡོད། ཅེས་བཀོད་ཡོད་པ་རེད།

ཐེངས་འདིར་ཨ་རིའི་པེན་རྩོམ་པ་པོའི་མཐུན་ཚོགས་ནས་སྐུ་ཞབས་ཞོ་ལགས་སུ་ཆེད་བསྟོད་གཟེངས་རྟགས་དེ། འདི་ལོ་ཕྱི་ཟླ་ ༥ ནང་སྤྲོད་འཆར་ཡོད་ཀྱང་ཏོག་དབྱིབས་རིམས་ནད་རྐྱེན་གྱིས་ཕྱིར་འགྱངས་བྱས་ཏེ། འདི་ལོའི་ཕྱི་ཟླ་ ༡༢ ཚེས་ ༨ ཉིན་ཨ་རིའི་རང་བྱུང་ལོ་རྒྱུས་འགྲེམས་སྟོན་ཁང་(American Museum of Natural History)དུ་ལོ་རེའི་གསོལ་སྟོན་འདུ་འཛོམས་དང་བསྟུན་སྤྲོད་འཆར་ཡོད་འདུག

གསར་འགོད་པ། སངས་རྒྱས་དཀོན་མཆོག

བསྐྱར་བཅོས།: ༢༠༢༠/༠༦/༠༥

Leave a Reply