ལྔ་བཞིའི་ཕུགས་བསམ་ནི་ཚན་རིག་དང་དམངས་གཙོ་རེད།

གསར་འགོད་པ་སངས་རྒྱས་དཀོན་མཆོག་གིས་བསྒྱུར།


——–ཨ་རིའི་རྒྱལ་སྲུང་སློབ་སྟོན་པ་སྐུ་ཞབས་མཱ་ཊི་པོ་ཊན་གྷིར་(Matt Pottinger)ལགས་ཀྱིས་ཨ་རིའི་ཝིར་རྗི་ནཱེ་ཡ(Virginia)གཙུག་ལག་སློབ་གཉེར་ཁང་དུ། རྒྱ་ནག་གི་ལྔ་བཞིའི་ལས་འགུལ་བྱུང་ནས་ལོ་ ༡༠༡ འཁོར་བའི་ཉིན་ལྔ་བཞིའི་ལས་འགུལ་གྱི་སྣེ་ཁྲིད་མི་སྣ་དང་ལྔ་བཞིའི་ལས་འགུལ་གྱི་ཕུགས་བསམ། དེ་རིང་གི་རྒྱ་ནག་ཝུ་ཧན་གྱི་ཏོག་དབྱིབས་རིམས་ནད་དང་འབྲེལ་རྒྱ་ནག་སྤྱི་ཚོགས་ཁྲོད་ལྔ་བཞིའི་སྙིང་སྟོབས་གནས་ཡོད་པའི་གཏམ་བཤད་བོད་འགྱུར་བྱས་ཡོད་ལ།་རྩོམ་ཡིག་འདིའི་ཁ་བྱང་སྒྱུར་བ་པོས་བཏགས་པ་ཡིན།
ཚང་མར་ཞོགས་པ་བདེ་ལེགས། ངའི་མིང་ལ་མཱ་ཊི་པོ་ཊན་གྷིར་དང་ཨ་རིའི་རྒྱལ་སྲུང་སློབ་སྟོན་པ་ཡིན། ཨ་རིའི་ཕོ་བྲང་དཀར་པོའི་ཚབ་བྱས་ཏེ་ཡོང་བ་ཡིན་ལ། འདིར་ངས་རྣམ་པ་ཚོར་ཨ་རིའི་སྲིད་འཛིན་ ༤༥ ཊི་རིམ་ཕུ་ཡི་སྤྲོ་སེམས་ཁོལ་བའི་འཚམས་འདྲི་འཁྱེར་ནས་ཡོང་ཡོད།

དེ་རིང་ང་ཚོ་དྲ་ལམ་བརྒྱུད་འདུ་འཛོམས་བྱུང་ཡོད་པ་རེད། རྒྱུ་མཚན་ཏོག་དབྱིབས་རིམས་ནད་རྐྱེན་གྱིས་ད་དུང་འཛམ་གླིང་གི་ས་ཕྱོགས་གང་སར་མི་གྲངས་སྟོང་ཕྲག་མང་པོ་དངོས་སུ་འདུ་འཛོམས་བྱེད་མི་ཐུབ་པར་བསྡད་ཡོད་པ་རེད། ཡིན་ན་ཡང་། ངོ་མཚར་བའི་དྲ་རྒྱའི་བརྒྱུད་ལམ་ནས་ང་ཚོའི་འདུ་འཛོམས་དེ་འཕྲོད་བསྟེན་ཛ་དྲག་གི་དུས་སྐབས་འདིར་ནམ་རྒྱུན་ལས་གཞི་རྒྱ་ཆེ་བ་ཆགས་ཡོད། གང་ལྟར་གཞི་རྒྱ་ཆེ་ཡང་ཆུང་ཡང་རུང་། ང་ཚོའི་དམིགས་འབེན་གཙོ་བོ་ཨ་རི་བ་དང་རྒྱ་ནག་པ། འགྲོ་བ་མིའི་རིགས་ཀྱི་ཁྱིམ་ཚང་ཆེན་མོ་འདི་དཀའ་ངལ་ནས་སྲུང་སྐྱོབ་བྱ་རྒྱུ་དེ་རེད། ཆེ་ས་ནས་བཤད་ན་ད་ལྟའི་ཆར་ཏོག་དབྱིབས་རིམས་ནད་སྨན་ཁབ་ཆེད་སྐྱེས་དངོས་འཕྲུལ་རྩལ་ཡར་རྒྱས་དང་གྲངས་གཞི་དབྱེ་ཞིབ་སོགས་ལ་ཉམས་ཞིབ་བྱེད་བཞིན་ཡོད་པ་རེད་ལ། ཆུང་ས་ནས་ནང་མི་ཞིག་ལ་མཚོན་ན་སྐྲ་བཞར་ཁང་སོགས་སྒོ་བརྒྱབ་པའི་རྐྱེན་གྱིས་ཕན་ཚུན་གྱི་སྐྲ་བཞར་དགོས་པ་དང་། ངའི་བཟའ་ཟླ་ནི་ནད་འབུ་རིག་པའི་ཆེད་མཁས་པ་ཞིག་ཡིན་ལ། དེ་རིང་འདིར་གཏམ་བཤད་མཁན་ཡིན། ཁོ་མོ་ནི་ང་ཚོ་ནང་མི་ཚོའི་སྐྲ་བཞར་མཁན་གསར་པ་ཡིན་ལ། ཕལ་ཆེར་ཁྱེད་ཚོའི་ངའི་མགོའི་སྐྲ་ཡི་བཟོ་ལྟ་ལ་བལྟས་ན་ཤེས་སྲིད།

ཐེངས་འདིར་ངས་ཝིར་རྗི་ནཱེ་ཡ(Virginia)གཙུག་ལག་སློབ་གཉེར་ཁང་གི་མཱེ་ལིར་(Miller Center)ལྟེ་གནས་ཁང་དུ་གཏམ་བཤད་སྤེལ་ཐེངས་གཉིས་པ་དེ་ཡིན། ལོ་ངོ་བཅུ་ཕྲག་གཅིག་ལ་ཉེ་བའི་སྔོན་ངས་མཱེ་ལིར་ལྟེ་གནས་ཁང་ནས་མཚོ་དམག་འཐབ་མོ་བའི་ནང་ཞུགས་ཏེ་ཤེས་རྟོགས་བྱུང་བའི་ཤེས་བྱ་དང། ད་དུང་དམག་དཔུང་དང་སྤྱི་དམངས་དབར་གྱི་འབྲེལ་བ། མི་མང་གི་བདེ་སྲུང་སོགས་ཀྱི་སྐོར་ནས་གཏམ་བཤད་བྱས་པ་ཡིན། དེ་ནས་བཟུང་ངས་དུས་ནམ་ཡང་མཱི་ལིར་ལྟེ་གནས་ཁང་གི་སྐབས་དེའི་འགན་འཛིན་སྐུ་ཞབས་རྗ་རེ་བྷ་ལེ་ལཱ(Jerry Baliles)ལགས་ཀྱི། སྤྲོ་སེམས་དང་ཤེས་རབ་ལྡན་པའི་རྣམ་པ་དེ་བརྗེད་མ་མྱོང་། སྟབས་མ་ལེགས་པ་ཞིག་ལ་ཁོང་ལོ་སྔོན་མའི་ཕྱི་ཟླ་ ༡༠ པའི་ནང་སྐུ་གྲོངས་སོང་བ་དང་། ཁོང་གིས་མི་ཚེ་གང་བོ་ཝིར་རྗི་ནཱེ་ཡ་དང་རྒྱལ་ཁབ་ཀྱི་སྤྱི་པའི་ཁེ་ཕན་ཆེད་རླབས་ཆེན་གྱི་ཞབས་འདེགས་བསྒྲུབས་ཡོད་པས། ང་ཚོས་རྗ་རེ་ལྟ་བུའི་མི་རྣམ་ལ་ཐུགས་རྗེ་ཆེ་ཞུ། དེ་རིང་འདིར་ང་དགེ་རྒན་ཆེན་མོ་ཧཱ་རེ་ཧཱར་དྷན་(Harry Harding)ལགས་དང་ཤཱར་ལའེ་ལིན(Shirley Lin)ལགས་གཉིས་ཀྱིས་གདན་ཞུ་བྱས་ཏེ། ཨ་རྒྱ་གཉིས་ཀྱི་འབྲེལ་ལམ་སྐོར་ནས་ལྟ་ཚུལ་ཁ་ཤས་ཤོད་ཅེས་སྐུལ་བ་དང་། དེ་དང་མཉམ་དུ་དགེ་རྒན་ཆེན་མོ་ལིན་གྱིས་ཐེངས་འདིའི་འདུ་འཛོམས་དེ་རྒྱ་ནག་གི་ལྔ་བཞིའི་ལས་འགུལ་བྱུང་ནས་ལོ་ངོ་ ༡༠༡ འཁོར་བ་དང་སྟབས་ཁེལ་ཡོད་སྐོར་གསུངས་བྱུང་། ངས་ཀྱང་གནད་དོན་དེ་ནི་རྒྱ་ནག་གི་ད་ལྟ་དང་འདས་པ་གཉིས་ཀྱི་སྐོར་ནས་གཏམ་བཤད་བྱེད་སའི་བརྗོད་གཞི་ཡག་པོ་ཞིག་ཡིན་པ་ཤེས་རྟ་བྱུང་ཡོད།

ཕྱི་ལོ་ ༡༩༡༩ ལོའི་ཟླ་ ༥ ཚེས་ ༤ སྟེ་འཛམ་གླིང་དམག་ཆེན་དང་པོ་མཇུག་སྒྲིལ་བའི་རྗེས། རྒྱ་ནག་པེ་ཅིན་གྲོང་ཁྱེར་ཡོངས་སུ་གཙུག་ལག་སློབ་གྲྭ་ཁག་གི་སློབ་མ་སྟོང་ཕྲག་མང་པོ་གནམ་སྡེ་སྒོ་མོ་ཆེའི་ཐང་ཆེན་དུ་འཛོམས་ནས། རྒྱ་ནག་གིས་དྲང་བདེན་མིན་པའི་པ་རི་སའི་ཞི་བའི་ཆིངས་ཡིག་ལ་ངོ་རྒོལ་བྱས་པ་དང་། ནུབ་ཕྱོགས་རྒྱལ་ཁབ་ཁག་གིས་ཉི་ཧོང་བཙན་རྒྱལ་ལ་སེམས་གསོ་གཏོང་ཆེད་དེ་སྔ་འཇར་མན་གྱིས་དབང་བསྒྱུར་བྱས་པའི་རྒྱ་ནག་གི་ཧྲན་ཏུང་མཚོ་གླིང་ཚུད་པའི་ས་ཁུལ་ཁག་ཉི་ཧོང་ལ་སྤྲད་པ་རེད། ཉིན་དེར་རྒྱ་ནག་གི་སློབ་མ་ཚོས་གནམ་སྡེ་སྒོ་མོ་ཆེའི་མདུན་ཐང་དུ་རྔམ་སྟོན་ཁྲོམ་སྐོར་བྱས་ཏེ། ང་ཚོར་ཧྲན་ཏུང་ཕྱིར་སྤྲོད་དགོས། འདྲ་མཉམ་མིན་པའི་ཆིངས་ཡིག་ལ་ས་རྟགས་འགོད་མི་ཆོག་ཅེས་སྐད་འབོད་བྱས་པ་རེད། ཉེན་རྟོག་པ་ཚོས་ཞི་བའི་རྔམ་སྟོན་ལས་འགུལ་བ་ཚོ་བཙན་ཤེད་ཀྱིས་ཁ་འཐོར་གཏོང་ཐབས་བྱས་ན་ཡང་། སློབ་ཕྲུག་ཚོས་ཡང་དང་བསྐྱར་དུ་ངོ་རྒོལ་རིམ་པར་བྱས་པ་དང་། སྲིད་གཞུང་གིས་ཞི་བའི་འདུ་འཛོམས་དེར་དམ་དྲགས་དང་སྟངས་འཛིན་བྱས་པས་སློབ་མ་ཁག་ཅིག་གིས་དྲག་པོས་ལམ་ནས་ངོ་རྒོལ་བྱས་ཡོད་པ་དང་། མཐའ་མཇུག་དེར་གཞུང་གི་ལས་དོན་བྱེད་ཕྱོགས་ལ་མི་མང་རང་བཞིན་གྱིས་མི་དགའ་བའི་རྣམ་འགྱུར་ཤུགས་ཆེར་བསྟན་པས། ལོ་དེ་རང་ལ་རྒྱ་ནག་གཞུང་གིས་ཆིངས་ཡིག་དེར་ས་རྟགས་འགོད་རྒྱུ་མཚམས་བཞག་ཡོད་པ་རེད།

ཡིན་ཡང་། ལོ་ངོ་གསུམ་གྱི་རྗེས་སུ་ཨ་རིས་རོགས་རམ་འོག་རྒྱ་ནག་གིས་བསྐྱར་དུ་ཧྲན་ཏུང་ཕྱིར་མངའ་ཁོངས་སུ་བཅུག་ཐུབ་ཡོད་པ་དང་། གནད་དོན་དེ་དང་འབྲེལ་ནས་ཕྱི་ལོ་ ༡༩༢༢ ལོར་ཝ་ཤིན་ཊོན་མཚོ་དམག་ཚོགས་འདུའི་སྟེང་རྒྱ་ནག་དང་གྲོས་མཐུན་ཞིག་ཀྱང་བཞག་ཡོད། ཡིན་ན་ཡང་། ལོ་ངོ་ ༡༠༡ གོང་དུ་བྱུང་བའི་མི་རིགས་རིང་ལུགས་ཀྱིས་བསླངས་བའི་སློབ་མའི་ལས་འགུལ་དེ་ནི་འདྲ་མཉམ་མིན་པའི་ཆིངས་ཡིག་”ལ་ཁོང་ཁྲོ་ཆེན་པོ་ལངས་པ་ཙམ་མིན་པར། ལས་འགུལ་དེ་ཡིས་ཡུན་རིང་ལ་དེང་རབས་རྒྱ་ནག་གི་བླ་སྲོག་གི་ཆེད་དུ་འཐབ་རྩོད་བྱས་ཡོད། ཨ་རིའི་རྩོམ་པ་པོ་སྐུ་ཞབས་རྗོན་པོམ་ཧྥིར་ཊི་(John Pomfret)ཡིས་ཨ་རྒྱའི་འབྲེལ་ལམ་ཞེས་པའི་དཔེ་དེབ་ནང། ལྔ་བཞིའི་ལས་འགུལ་གྱི་དམིགས་ཡུལ་ནི་རྒྱ་ནག་གི་ཆབ་སྲིད་དང་། སྤྱི་ཚོགས། རིག་གནས་བཅས་ཕྱོགས་ཡོངས་ནས་འགྱུར་ལྡོག་གཏོང་རྒྱུ་དེ་ཡིན་པར་བྲིས་ཡོད་ལ། སྐུ་ཞབས་ཚན་རིག་(Mr. Science) དང་སྐུ་ཞབས་དམངས་གཙོ་(Mr. Democracy)གཉིས་ནི་ལྔ་བཞིའི་ལས་འགུལ་གྱི་རྩ་འཛིན་དང་རྒྱ་ནག་དེང་རབས་ཅན་ལ་འགྱུར་རྒྱུ་དེ་རེད། མི་ལ་ལས་ལྔ་བཞིའི་ལས་འགུལ་ལ་རྒྱ་ནག་གི་བློ་འབྱེད་ལས་འགུལ་ཞེས་ཀྱང་འབོད། རྩོམ་པ་པོ་སྐུ་ཞབས་ཝེ་ར་(Vera Schwarcz)ནས་ཀྱང་ལྔ་བཞིའི་ལས་འགུལ་སྐོར་ནས་ཀློག་རིན་ལྡན་པའི་དཔེ་ཆ་ཞིག་བྲིས་ཡོད་ལ། དོན་དངོས་ཐོག་རྒྱ་ནག་གི་ལྔ་བཞིའི་ལས་འགུལ་སྐོར་ནས་ཞིབ་འཇུག་པ་མང་པོ་ཡོད་པ་དང་། དེ་རིང་འདིར་དེང་རབས་རྒྱ་ནག་གི་ཕུལ་དུ་བྱུང་བའི་ལོ་རྒྱུས་རིག་པ་བ་གཉིས་མཉམ་ཞུགས་གནང་ཡོད་པས། ངའི་རེ་བར་རྣམ་པ་གཉིས་ནས་ཆེད་མཁས་པ་ཚོར་ལྔ་བཞིའི་ལས་འགུལ་གྱི་ལོ་རྒྱུས་དང་དོན་སྙིང་སྐོར་གསུངས་རོགས་ཞུ།འོན་ཀྱང་ང་རང་གིས་འདིར་སྐར་མ་ཁ་ཤས་ཀྱི་དུས་ཡུན་སྤྱད་ནས་རྒྱ་ནག་གི་ལྔ་བཞིའི་ལས་འགུལ་གྱི་སྙིང་སྟོབས་མཚོན་པའི་རྒྱ་ནག་གི་དཔའ་བོ་འགའ་ངོ་སྤྲོད་བྱ་རྒྱུ་ཡིན། ཧུའུ་ཧྲི་(Hu Shih)ནི་རང་བཞིན་གྱིས་མི་ཚང་མའི་ངོས་འཛིན་ཐོབ་པའི་ལྔ་བཞིའི་དུས་སྐབས་སུ་ཤུགས་རྐྱེན་ཆེས་ཆེ་བའི་མགོ་ཁྲིད་མཁན་གྱི་གྲས་ཡིན་པ་དང་། ཁོང་ནི་རྒྱ་ནག་དེང་རབས་ཅན་གྱི་ཕྱོགས་སུ་འཁྲིད་པར་ཤུགས་རྐྱེན་ཆེས་ཆེ་བའི་བསམ་བློ་བ་ཞིག་ཆགས་ཡོད། ཧུའུ་ཧྲི་ཡི་ཁྱིམ་ཚང་ནི་རྒྱ་ནག་ཨན་ཧེ་ཞིང་ཆེན་ནས་ཡིན་པ་དང་། ཁོང་ནི་སྐབས་དེའི་རྒྱ་ནག་གི་རྩོམ་པ་པོ་གྲགས་ཅན་ལུའུ་ཞུན་གཙོའི་དུས་རབས་གཅིག་པའི་རྩོམ་པ་པོ་གྲགས་ཅན་མང་པོ་དང་འདྲ་བར་ཕྱི་རྒྱལ་དུ་སློབ་གཉེར་བྱེད་དུ་སོང་བ་དང་། ཧུའུ་ཧྲི་ཡིས་ཨ་རིའི་(Cornell)སློབ་ཆེན་དུ་ཞིང་ལས་སློབ་སྦྱོང་ལས་རིམ་བཞིན་ཚན་ཉིད་རིག་པར་སློབ་སྦྱོང་བྱེད་རྒྱུ་བདམས་པ་དང་། དེའི་རྗེས་ཁོང་གིས་ཀོ་ལོམ་བྷི་ཡ་གཙུག་ལག་སློབ་ཆེན་དུ་ཨ་རིའི་སློབ་གསོ་བ་ཆེན་མོ་རྗོན་དྷེ་ཝེ་(John Dewey)ཡི་མདུན་ནས་སློབ་གཉེར་གནང་ཡོད། དེའི་རྗེས་ཧུའུ་ཧྲི་ཡིས་རྒྱ་ནག་མི་དམངས་ལ་བློ་ཡུལ་ལས་འདས་པའི་ཆེས་རླབས་ཆེ་བའི་ལེགས་སྐྱེས་ཤིག་ཕུལ་ཡོད་པ་སྟེ། རྒྱ་ནག་གི་སྐད་ཡིག་དེ་གནའ་རབས་རྒྱ་ནག་གི་ཡིག་ཐོག་སྐད་ཆ་ལས་སྤྱི་དམངས་རང་བཞིན་གྱི་སྐད་ཆར་བསྒྱུར་ཐུབ་ཡོད་ལ། དེའི་སྔོན་རྒྱ་ནག་གི་ཡིག་ཐོག་གི་སྐད་ཆ་ནི་གནའ་བོའི་སྐད་ཡིག་ཡིན་པ་དང་། བརྡ་སྤྲོད་དང་ཐ་སྙད་དུས་རབས་འགའི་རིང་ལ་རྩ་བའི་ཆ་ནས་འགྱུར་ལྡོག་བྱུང་མེད། གནའ་རབས་རྒྱ་ནག་གི་སྐད་ཡིག་ལ་ཞིབ་འཇུག་བྱེད་མྱོང་མཁན་མང་པོ་ཞིག་གིས་བརྗོད་བཞིན་པ་ལྟར་། གནའ་རབས་རྒྱ་ཡིག་དང་རྒྱ་ཡིག་གི་ཁ་སྐད་ནི་ལ་ཏིང་སྐད་དང་དེང་རབས་ཨེ་ཊི་ལེ་ཡི་སྐད་དང་འདྲ་མཚུངས་ཡིན་པར་བཤད་ལ། རྒྱ་ནག་གི་ཡིག་ཐོག་སྐད་ཆ་ནི་ཤེས་ཡོན་ཅན་ཉུང་ཤས་ཀྱི་ཁྱབ་ཁོངས་མ་གཏོགས་བཤད་མི་ཤེས་པས། སྤྱི་དམངས་ཀྱིས་ཡིག་ཐོག་གི་སྐད་བརྡ་མི་འཕྲོད་པའི་རྐྱེན་གྱིས་དབང་སྒྱུར་བྱེད་མཁན་དང་ཧེ་བག་བྱུང་བ་དེ་ནི་གནད་དོན་གྱི་འགག་རྩ་རེད། སྐབས་དེར་ཡི་གེ་ཤེས་མཁན་ནི་སྲིད་གཞུང་གི་དཔོན་རིགས་སུ་འགྱུར་རྒྱུའི་རེ་བ་བྱེད་བཞིན་ཡོད། སྤྱིར་ཡི་གེ་ཤེས་པ་ནི་དམངས་ཚོགས་ལ་དབང་སྒྱུར་བྱེད་སྤྱད་ཅིག་གཏན་ནས་མིན།

གནད་དོན་དེའི་ཐད་སྐབས་དེའི་པེ་ཅིང་སློབ་ཆེན་(Peking University)གྱི་ནུབ་ཕྱོགས་རྩོམ་རིག་དགེ་རྒན་ཆེ་མོ་བ་སྐུ་ཞབས་ཀོ་ཧུང་མིན(Gu Hongmin)གྱིས་རྒྱ་ནག་ཡོངས་ཁྱབ་ཏུ་ཡིག་རྨོངས་སེལ་བའི་སྣང་ཚུལ་ལ་འཕྱ་སྨོད་དང་ཟུར་ཟ་བྱས་པ་རེད། ཕྱི་ལོ་ ༡༩༡༩ ལོའི་ཟླ་ ༨ ནང་ཁོས་གལ་ཏེ་རྒྱ་ནག་གི་མི་འབོར་ས་ཡ་ ༤༠༠ ཡོད་པའི་ཁྲོད་ནས་མི་འབོར་བརྒྱ་ཆ་ ༩༠ ཚང་མ་ཡིག་རྨོངས་ལས་ཐར་སོང་ན་མཇུག་འབྲས་ཅི་འདྲ་ཡིན་ནམ། བསམ་བློ་ཞིག་ཐོངས་དང་། གལ་ཏེ་པེ་ཅིན་དུ་ཡོད་པའི་ངལ་རྩོལ་བ་དང་ཁ་ལོ་བ། སྐྲ་བཞར་མཁན། ཚོང་པ། རྔོན་པ། ལས་མེད་འཁྱམ་པོ་སོགས་ཡོད་ན། ང་ཚོའི་འཚོ་བ་ཇི་འདྲའི་བདེ་སྐྱིད་ལྡན་པ་ཞིག་རེད། གལ་ཏེ་མི་ཚང་མ་ཤེས་ཡོན་པ་ཆགས་ཏེ་ཚང་མས་སློབ་ཆེན་སློབ་མ་དང་འདྲ་བར་ཆབ་སྲིད་ཀྱི་བྱེད་སྒོར་ཞུགས་ན་གནས་སྟངས་ག་འདྲ་ཡིན་ནམ་ཞེས་བཤད་པ་རེད། སྐབས་དེར་རྙིང་ཞེན་པའི་བསམ་ཚུལ་དེ་ལྟ་བུ་འཁུར་མཁན་དག་ནི་རླུང་ཡན་ལྟར་ལྔ་བཞིའི་དམངས་གཙོའི་ལས་འགུལ་གྱི་ཕུགས་བསམ་བཀག་འགོག་ཆེད་གང་སར་ལྡང་བ་རེད། ཧུའུ་ཧྲིས་རང་ཉིད་ཀྱིས་ཚེ་སྲོག་གསར་པ་སྐྲུན་པའི་སྐད་ཡིག་སྤྱད་དེ་རྙིང་ཞེན་བསམ་བློ་བ་དག་ལ་དགག་གཞག་བྱས་པ་རེད། སྐབས་དེར་ཧུའུ་ཧྲིས་དམངས་གཙོར་སྐྱོད་པའི་ཐབས་ལམ་ཉག་ཅིག་ནི་དམངས་གཙོ་དགོས་པ་དེ་རེད་ཅེས་བཤད་མྱོང་བ་རེད། དེ་ལྟར་བཤད་ན་ཡང་། ལྔ་བཞིའི་ལས་འགུལ་གྱི་མགོ་འཁྲིད་མཁན་ཚོར་རྒྱུན་ཆད་མེད་པར་སྐྱོན་བརྗོད་བྱེད་ཀྱི་ཡོད་པ་དང་། སྐབས་འགར་སྲིད་གཞུང་གི་དཔོན་རིགས་དང་ཤེས་ཡོན་པའི་སྡེ་རུ་ཡང་ལྔ་བཞིའི་ལས་འགུལ་དེ་མུན་འཐོམ་པ་ཚོ་ནུབ་ཕྱོགས་སུ་སོང་ནས་རྒྱ་ནག་ལ་གནོན་ཤུགས་སྤྲད་པ་ཞིག་དང་། ཐ་ན་ཁོ་ཚོ་རྒྱལ་ཁབ་ལ་དགའ་ཞེན་མེད་པ་སོགས་བརྗོད་བཞིན་ཡོད་པ་རེད།ང་ཚོས་ལྔ་བཞིའི་ལས་འགུལ་དེ་སྐུ་ཞབས་ཁྲང་(Chang)ལགས་ཀྱི་བསམ་བློའི་ལྟ་ཚུལ་ངོས་ནས་བལྟས་ན་ལྔ་བཞི་ནི་རྒྱ་ནག་ཅན་ཟེར་བའི་བཤད་ཚུལ་དེ་འདྲ་མ་ཡིན་པར། ཁོང་གིས་ལྟ་ཚུལ་ནང་རྒྱ་ནག་གི་ཀུན་སྤྱོད་སློབ་གསོ་མཚན་ཉིད་རིག་པ་དེ་ནུབ་ཕྱོགས་ཀྱི་བསམ་བློ་དང་ཟུང་འབྲེལ་བྱེད་ཐུབ་ན་གསར་གཏོད་ཀྱི་དགེ་མཚན་ཆེན་པོ་ཡོད་པ་མཐོང་ཡོད། སྐུ་ཞབས་ཁོང་ནི་གྲོགས་པོ་ཧུའུ་ཧྲི་དང་འདྲ་བར་སྦྱངས་འབྲས་ལེགས་ཐོན་གྱི་བྱ་དགའི་དངུལ་ལ་བརྟེན་ནས་ཨ་རིར་སློབ་སྦྱོང་བྱེད་དུ་ཕྱིན་པ་དང་། ཁོང་ལ་ཟློས་གར་གྱིས་ཡིད་དབང་འཕྲོག་ཏེ་རྒྱ་ནག་གི་མོ་ལིན་(Mulan)ཟློས་གར་གཏམ་རྒྱུད་གར་སྟེགས་ཐོག་སྐྱེལ་མཁན་དང་པོ་ཡིན་པ་མ་ཟད། ཁོང་གིས་ནུབ་ཕྱོགས་ཀྱི་ཟློས་གར་ཀྱང་རྒྱ་ནག་གི་ནན་ཁའེ་(Nankai University)སློབ་ཆེན་དུ་འཁྲབ་བཅུག་ཡོད་པ་རེད། དེ་བཞིན་ཁྲང་གིས་འཛམ་གླིང་མཉམ་སྦྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་བསྒྲགས་གཏམ་ཁྲོད་བྱས་རྗེས་ཆེན་པོ་བཞག་ཡོད་པ་དང་།   འཛམ་གླིང་དམག་ཆེན་གཉིས་པའི་རྗེས་སུ་ཨ་རིའི་སྐུ་ལྕམ་དང་པོ་ཨེ་ལེ་ནོར་(Eleanor Roosevelt)ལགས་ཀྱི་སྣེ་འཁྲིད་འོག་རྒྱལ་སྤྱིའི་ཆེད་མཁས་ཚོགས་ཆུང་གིས་འགྲོ་བ་མིའི་ཐོབ་ཐང་གི་བསྒྲགས་གཏམ་གྱི་མ་ཟིན་འབྲི་སྐབས། སྐུ་ཞབས་ཁྲང་ལགས་རྒྱ་ནག་གི་ཆེད་མཁས་ཚན་པའི་ཚོགས་མི་ཡིན་པ་མ་ཟད། ཁོང་གིས་འགྲོ་བ་མིའི་ཐོབ་ཐང་གི་བསྒྲགས་གཏམ་གྱི་དམིགས་ཡུལ་ནི་ཀུན་སྤྱོད་དང་དྲང་བདེན་གཞིར་བཞག་ཐོག་སྲིད་གཞུང་སྐྱོང་དགོས་པའི་བསམ་ཚུལ་བཏོན་ཡོད། ཕྱི་ལོ་ ༡༩༤༨ ལོའི་འགྲོ་བ་མིའི་ཐོབ་ཐང་གི་བསྒྲགས་གཏམ་འཆར་ཟིན་ནང་འགྲོ་བ་མིའི་ཐོབ་ཐང་གཙོར་བཟུང་སྟེ། སྒེར་གཅོད་དང་དམག་འཁྲུག་སྔོན་འགོག་བྱ་དགོས་པ་དང་། འགྲོ་བ་མིའི་ཚེ་སྲོག་ཐོབ་ཐང་དང་རང་དབང་། བདེ་འཇགས། བྲན་བཀོལ་མི་ཆོག་པ་དང་། ཆོས་ལུགས་རང་དབང་། བསམ་བློའི་རང་དབང་སོགས་ཚུད་ཡོད་པ་དང་། སྐུ་ཞབས་རྗོན་པོམ་ཧྥིར་ཊི་(John Pomfret)ལགས་ཀྱིས་སྐབས་དེའི་འགྲོ་བ་མིའི་ཐོབ་ཐང་བསྒྲགས་གཏམ་ནི་རྒྱལ་ཁབ་ཚང་མར་འབྲེལ་བ་ཡོད་པ་དང་། ལྷག་པར་དུ་ནུབ་ཕྱོགས་ཀྱི་མི་སྒེར་རིང་ལུགས་དང་རྒྱ་ནག་གི་ཀུན་སྤྱོད་རིང་ལུགས་ཟུང་འབྲེལ་བྱས་ཡོད་པ་མ་ཟད། སྐུ་ཞབས་ཁྲང་གིས་འགྲོ་བ་མིའི་ཐོབ་ཐང་གི་བསྒྲགས་གཏམ་དེ་ནི་མི་སྒེར་གྱི་ཁེ་དབང་དང་འབྲེལ་བ་ཡོད་པ་ཙམ་མ་ཡིན་པར། མི་སྒེར་གྱིས་སྤྱི་ཚོགས་ལ་འཛིན་པའི་འོས་འགན་དང་འབྲེལ་བ་ཡོད་པའི་བསམ་ཚུལ་བཏོན་ཡོད་ཅེས་བྲིས་ཡོད།

འགྲོ་བ་མིའི་ཐོབ་ཐང་གི་བསྒྲགས་གཏམ་དེ་མཉམ་འབྲེལ་རྒྱལ་ཚོགས་ཐོག་གྲོས་འཆམ་བྱུང་བའི་ལོ་ཤས་རྗེས། ཁྲང་གིས་རྒྱ་ནག་གིས་འགྲོ་བ་མིའི་ཐོབ་ཐང་གི་བསྒྲགས་གཏམ་ལ་ཁས་ལེན་བྱས་པ་ལག་བསྟར་མི་བྱེད་པ་དང་། རྒྱ་ནག་ལ་དམངས་གཙོ་མེད་པའི་བློ་ཕམ་འོག་དཔོན་གནས་ནས་དགོངས་ཞུ་བྱས་ཡོད་པ་རེད། སྐབས་དེར་སྐུ་ཞབས་ཁྲང་དང་ཧུའུ་ཧྲི་གཉིས་ནས་རྒྱ་ནག་གཞུང་གི་དཔོན་རིགས་ཚོས་རྒྱ་ནག་པ་ཚོ་དམངས་གཙོ་ལ་མི་དགའ་བ་དང་དམངས་གཙོ་ལ་ཡིད་ཆེས་མེད་ཅེས་བཤད་པ་ནི་རྫུན་བསྒྲགས་ཁོ་ན་ཡིན་པ་ཤེས་ཡོད་ལ། རྒྱ་ནག་པ་ཚོ་དམངས་གཙོ་ལ་དགའ་མིན་དེ་རིང་ཐའེ་ཝན་གྱིས་གསོན་པོར་བདེན་དཔང་བྱེད་བཞིན་ཡོད་པ་རེད། འོ་ན་ད་ལྟ་རྒྱ་ནག་གི་ལྔ་བཞིའི་སྙིང་སྟོབས་གང་དུ་ཡོད་ཅེ་ན། ངས་བསམ་ན་ད་ལྟ་རྒྱ་ནག་གི་ལྔ་བཞིའི་ཤུལ་འཛིན་པ་ནི་རྒྱ་ནག་སྤྱི་དམངས་ཁྲོད་ཧ་ཅང་ཉམ་ཆུང་བའི་ངང་གནས་ཡོད། དམངས་ཀྱི་འདུ་ཤེས་ཡོད་པའི་རྒྱ་ནག་གི་སྤྱི་དམངས་ཀྱི་མཚོན་ཚུལ་ནི་ལྔ་བཞིའི་དཔའ་ངར་ཆེ་བའི་བྱ་སྤྱོད་ལ་ཐུག་ཡོད། དེ་དག་གི་ཁྲོད་ནས་ཝུ་ཧན་གྱི་སྨན་པ་ལི་ཝུན་ལེང་ནི་དཔེ་མཚོན་གཅིག་ཡིན། སྨན་པ་ལི་ལགས་ནི་རྒྱ་ནག་སྐྱོབ་ཐུབ་མཁན་གྱི་ཤེས་ཡོན་པ་དང་བསམ་བློ་བ་ཞིག་མིན་པར་མིག་ནད་ཚན་ཁག་གི་སྨན་པ་ཞིག་དང་ལོ་ན་གཞོན་པའི་ཨ་ཕ་ཞིག་རེད། ཁོང་གིས་ཕྱི་ཟླ་ ༡༢ ནང་སྐད་འཕྲིན་ཚོགས་པ་བརྒྱུད་རང་གི་ལས་རོགས་ཚོར་ཉེན་ཁ་ཆེ་བའི་ནད་འབུ་ཞིག་ཐོན་ཡོད་པའི་ཉེན་བརྡ་བཏང་བ་དང་། རང་གི་གྲོགས་པོ་ཚོར་ནང་མི་དང་གཉེན་ཉེ་ཚོ་སྲུང་སྐྱོབ་དགོས་པའི་དྲན་སྐུལ་བྱས་ཡོད་པ་རེད། ཁོང་གིས་དཔའ་ངར་ཆེ་བའི་བྱ་སྤྱོད་ཆུང་ཆུང་ཞིག་སྤེལ་བ་དེ་སྤྱི་དམངས་ཡོངས་ཀྱི་དཔའ་ངར་ཆེ་བའི་བྱ་སྤྱོད་ཅིག་ཏུ་གྱུར་ཡོད་པ་རེད། མི་རྣམས་ཀྱིས་ཁོང་གི་ཉེན་བརྡ་དེ་དྲ་ཐོག་ནས་བརྒྱུད་སྐུར་ཤུགས་ཆེར་བྱས་པ་ནི་ཁོང་རང་ཉིད་ཀྱི་བློ་ཡུལ་ལས་འདས་པ་ཞིག་ཆགས་ཡོད་ལ། དེ་དང་མཉམ་དུ་སྨན་པ་ཁོང་ལ་ཡང་སེམས་མི་བདེ་བ་བྱུང་ཡོད་ལ། གནད་དོན་དེར་རྒྱུ་མཚན་ངེས་ཅན་ཡོད་པ་དང་ཡུན་རིང་མ་སོང་བར་སྨན་ཁང་དེའི་འགན་འཛིན་གྱིས་ཁོང་ལ་རིམས་ནད་སྐོར་ཕྱིར་བསྒྲགས་བྱེད་མི་རུང་བའི་ཉེན་བརྡ་དང་འཇིགས་སྐུལ་བྱས་པ་མ་ཟད། ཉེན་རྟོག་པ་ཚོས་ཁོང་ལ་འདྲི་རྩད་བྱས་ཏེ་ཁོང་གི་ལས་སྟངས་དེ་བཙན་གྱིས་ནོར་འཁྲུལ་ཡིན་པའི་ས་རྟགས་བརྒྱབ་བཅུག་པ་མ་ཟད། ཁོང་ལ་བསྐྱར་དུ་ཕྱི་ལ་སྐད་ཆ་གང་བྱུང་བཤད་ན་ཉེན་ཁ་ཡོད་པའི་འཇིགས་སྐུལ་བྱས་པ་རེད། རྒྱ་ནག་གཞུང་འབྲེལ་གསར་ལམ་ཁག་གིས་སྨན་པ་ལི་ཡི་གནས་ཚུལ་སྐོར་ནས་ས་གནས་ཉེན་རྟོག་པ་ཚོས་བྱས་ཉེས་ཡིན་པའི་སྒྲུང་གསར་པ་བཟོས་ཏེ། གནས་ཚུལ་གྱི་ཁ་ཕྱོགས་བསྒྱུར་ཐབས་བྱས་ཡོད།

ཡིན་ཡང་། དེའི་རྗེས་སྨན་པ་ལི་ཡིས་དཔའ་ངར་དང་ལྡན་པའི་ལས་དོན་བྱེད་མགོ་ཚུགས་ཡོད་པ་དང་། ཁོང་གིས་སྒེར་གྱི་སྤྱི་ཚོགས་དྲ་ལམ་བརྒྱུད་ཉེན་རྟོག་པ་ཚོས་ཁོང་ལ་འདྲི་རྩད་དང་འཇིགས་སྐུལ་བྱས་པའི་གནས་ཚུལ་ཡོངས་བསྒྲགས་བྱས་པ་མ་ཟད། ཉེན་རྟོག་པས་སྤྲད་པའི་ཡིག་ཆ་དང་ཟིན་བྲིས་སོགས་དྲ་ལམ་དུ་སྤེལ་རྗེས་འཛམ་གླིང་ཡོངས་ཀྱིས་དོ་སྣང་ཆེན་པོ་བྱས་ཡོད། ཡིན་ཡང་སྐབས་དེར་སྨན་པ་ལི་ལགས་ལ་ཏོག་དབྱིབས་རིམས་ནད་འགོས་ཡོད་པ་དང་། ཕྱི་ཟླ་ ༢ ཚེས་ ༧ ཉིན་ཁོང་ཏོག་ནད་རྐྱེན་གྱིས་འདས་གྲོངས་སུ་སོང་བར་འཛམ་གླིང་གི་ས་ཕྱོགས་གང་སའི་མི་རྣམས་ནས་རང་ཉིད་ཀྱི་གཉེན་ཉེ་ཞིག་མེད་པར་གྱུར་བ་ལྟ་བུའི་ཚོར་སྣང་བྱུང་ཡོད། སྨན་པ་ལི་ལགས་ཀྱིས་འཆི་བདག་གི་ཉལ་ཁྲིའི་སྟེང་གསར་འགོད་པར་བཤད་པའི་སྐད་ཆ་དེ་དག་ད་དུང་ང་ཚོའི་རྣ་ལམ་ན་དྲིལ་བརྡ་བཞིན་གྲགས་ནས་ཡོད་པ་རེད། ཁོང་གིས་གལ་ཏེ་བདེ་ཐང་གི་སྤྱི་ཚོགས་ཤིག་ཡིན་ན་ཉེན་བརྡ་གཏོང་མཁན་གཅིག་ལས་མང་བ་ཡོད་རྒྱུ་རེད། ངས་སྤྱི་དམངས་ཀྱི་སྟོབས་ཤུགས་སྤྱད་དེ་སྲིད་གཞུང་ལ་ངོ་རྒོལ་བྱས་པ་མིན་ཞེས་བཤད་ཡོད་པ་རེད། སྨན་པ་ལི་ཡི་བཤད་སྟངས་དེ་ནི་ཧུའུ་ཧྲི་ཡི་བཤད་སྟངས་དང་འདྲ་བོ་ཡོད་པ་རེད། གནད་དོན་དེའི་རྒྱ་ནག་ནང་གི་གསར་འགོད་པ་ཚོར་སྐད་ཆ་བཤད་ཕོད་པའི་སྙིང་སྟོབས་ཅུང་ཙམ་བྱིན་ཡོད་ལ། དེ་རིང་གི་རྒྱ་ནག་ནང་ཕྱི་རྒྱལ་བ་དང་ཡུལ་མི་གསར་འགོད་པ་ཚོས་གསར་འགྱུར་ལས་ཀ་བྱེད་རྒྱུ་དེ་ཡང་ཧ་ཅང་ཁག་པོ་ཆགས་ཡོད་པ་རེད། ལྷག་པར་དུ་ཝུ་ཧན་ཏོག་ནད་དང་འབྲེལ་རྒྱ་ནག་གི་སྤྱི་དམངས་གསར་འགོད་པ་ཁ་ཤས་ཀྱིས་འོད་སྣང་འཚོལ་བར་བརྩོན་ན་ཡང་། མཐའ་མཇུག་དེར་ཁོ་ཚོ་རེ་རེ་བཞིན་བོར་བརླགས་སུ་ཕྱིན་ཡོད་པ་རེད། དེ་དག་གི་ཁྲོད་ནས་སྐུ་ཞབས་ཁྲིན་ཆོ་ཧྲི་(Chen Qiushi)དང་ཧྥང་བྷིན(Fang Bin)། ལའོ་ཙི་ཧྭ་(Li Zehua)བཅས་ཡིན་པ་དང་། རྒྱ་ནག་གིས་འདས་པའི་ཟླ་གཅིག་ནང་ཕྱི་རྒྱལ་གསར་འགོད་པ་ཕྱིར་འཕུད་བཏང་བ་ཨུ་རུ་སུའི་དམར་ཤོག་ཚོགས་པས་ལོ་ངོ་བཅུ་ཕྲག་གཅིག་རིང་ཕྱིར་འཕུད་བཏང་བ་ལས་བརྒལ་ཡོད། གཞན་ཡང་སྨན་པ་ལི་ཡི་ལས་རོགས་སྨན་པ་ཨེ་ཧྥིན་(Dr. Ai Fen)གྱིས་ཀྱང་ཝུ་ཧན་རིམས་ནད་སྐོར་གྱི་གནས་ཚུལ་སྐོར་གསར་འགོད་པར་བཤད་རྗེས་ད་ལྟ་མོ་རང་གར་སོང་ཆ་མེད་དུ་གྱུར་ནས་ཡོད་པ་རེད།

ཡིན་ན་ཡང་། རྒྱ་ནག་སྲིད་གཞུང་གིས་བློ་སྙོབས་ཆུང་བའི་སྤྱིར་བཏང་གི་བྱ་སྤྱོད་ལ་དྲག་གནོན་བྱེད་སྐབས་མི་མང་ཁྲོད་དཔའ་ངར་དེ་ལས་ཆེ་བའི་བྱ་སྤྱོད་ཐོན་གྱི་ཡོད། འདས་པའི་ཟླ་ཤས་རིང་ང་ཚོས་རྒྱ་ནག་སྤྱི་ཚོགས་ཁྲོད་ཀུན་སྤྱོད་དང་ལུས་སེམས་གཉིས་ཐོག་ནས་སྤྱི་དམངས་ཆེད་རང་སྲོག་བཏང་ནས་བྱ་སྤྱོད་སྤེལ་མཁན་མང་པོ་མཐོང་ཡོད། ཀུན་སྤྱོད་དང་ལག་ལེན་དངོས་ཐོག་གི་བློ་སྟོབས་མངོན་ཚུལ་དེ་དག་ནི་དུས་རབས་གཅིག་གོང་གི་ཧུའུ་ཧྲི་དང་། སྐུ་ཞབས་ཁྲང་གི་བསམ་བློ་དང་སྙིང་སྟོབས་མངོན་ཡོད། དེ་དག་གི་ཁྲོད་ནས་ལ་ཤས་སྲིད་གཞུང་གི་དཔོན་རིགས་ཆབ་སྲིད་པ་དང་། ཆོས་ལུགས་དད་མོས་ཅན། ཡུན་རིང་རྒྱ་ནག་གཞུང་ལ་སྲི་ཞུ་སྒྲུབ་མཁན་གྱི་ཤེས་ཡོན་པ་བཅས་ཡོད་ན་ཡང་། མང་ཆེ་བ་ཞིག་སྤྱི་དམངས་དཀྱུས་མའི་ཁྲོད་ནས་ཡོང་ཡོད་པ་རེད། ཞའོ་ཀྲང་རན་(Xu Zhangrun)དང་རེན་ཀྲི་ཆང་(Ren Zhiqiang)། ཞའོ་ཀྲི་ཡང་(Xu Zhiyong)། ཨེ་ཧམ་ཊོ་ཊི་(Ilham Tohti)། ཧྥང་ཧྥང་(Fang Fang)བཅས་དང་། དེ་བཞིན་ཡེ་ཤེས་ཆོས་དཔོན་ ༢༠ ལྷག་གིས་དམར་ཤོག་ཚོགས་པར་དད་མོས་དང་གསོལ་མཆོད་དགོས་པའི་སྲིད་བྱུས་དྭང་ལེན་བྱས་མེད་པ་དང་། ཧོང་ཀོང་གི་སྤྱི་དམངས་ས་ཡ་ལྷག་གིས་ཁྲིམས་ཀྱི་དབང་བསྒྱུར་དགོས་པའི་རེ་འདུན་འོག་དུས་ཡུན་རིང་བོར་ཞི་བའི་རྔམ་སྟོན་ཁྲོམ་སྐོར་བྱས་ཡོད།

དེ་རིང་ནས་རྩིས་ན་ལྔ་བཞིའི་ལས་འགུལ་བྱུང་ནས་དུས་རབས་གཉིས་ལ་བསླེབས་ཡོད་པ་དང་། ལྔ་བཞིའི་ལས་འགུལ་གྱི་མཇུག་མཐའི་ཤུལ་བཞག་ནི་ཅི་ཞིག་ཡིན། འདྲི་གཞི་འདིར་རྒྱ་ནག་གི་སྤྱི་དམངས་ཁོ་ནས་ད་གཟོད་ལན་འདེབས་ཐུབ་ལ་ལྔ་བཞིའི་ལས་འགུལ་ཁོ་ཚོ་ཁོ་ནར་དབང་བ་རེད། ལྔ་བཞིའི་དམངས་གཙོའི་རེ་འདུན་དེ་ད་དུང་དུས་རབས་རྗེས་མར་གནས་སྲིད་དམ། ལྔ་བཞིའི་བསམ་བློའི་སྙིང་བཅུད་དེ་སྲིད་གཞུང་གི་དམ་དྲག་དང་ཞིབ་བཤེར་འོག་མེད་པར་བཟོ་སྲིད་དམ། ལྔ་བཞིའི་བསམ་བློ་ཅན་དང་ལས་འགུལ་བ་ནི་རྒྱལ་ཞེན་མེད་མཁན་ཨ་རིའི་བྲན་བཀོལ་བ། རྩ་མྱི་ལྟ་བུ་ཡིན་ནམ། ང་ཚོས་རྒྱ་ནག་དམར་ཤོག་ཚོགས་པའི་སྔར་བཞིན་འདི་དག་ལག་བསྟར་བྱ་རྒྱུ་ཡིན་པ་ཤེས་ཡོད། ཡིན་ཡང་། རྒྱ་ནག་གི་མགོ་འཁྲིད་མའོ་ཡིས་མཐའ་ན་ལྔ་བཞིའི་ལས་འགུལ་གྱི་སྣེ་འཁྲིད་པ་དང་རྒྱ་ནག་དེང་རབས་རྩོམ་པ་པོ་གྲགས་ཅན་ལུའུ་ཞུན་ལ་ཚད་འཛིན་བྱས་ཡོད་པ་རེད། ཕྱི་ལོ་ ༡༩༥༧ ལོར་དམར་ཤོག་ཚོགས་པའི་དཔོན་རིགས་ལའོ་ཇི་ནན(Luo Jinan)ཟེར་བ་ཞིག་གིས་མའོ་ལ་གལ་ཏེ་ལུའུ་ཞུན་དེ་རིང་ད་དུང་གསོན་ཡོད་ན་ཅི་འདྲ་ཡིན་ནམ་ཞེས་དྲིས་པར། མའོ་ཡིས་རྒྱལ་ཁབ་ཀྱི་དཔའ་བོ་ཁོང་གི་སྐོར་ལ་ཆེས་ཧང་སངས་དགོས་པའི་ལན་ཞིག་བཏབ་པ་ནི། གལ་ཏེ་ཁོ་ཡོད་པ་ཡིན་ན་ཅིག་བྱས་ན་བཙོན་ཁང་དུ་ཡོད་སྲིད་པ་རེད་ལ། ཡང་མིན་ན་ཁུ་སིམ་མེར་བསྡད་ཡོད་རྒྱུ་རེད་ཅེས་བཤད་པ་རེད། གང་ལྟར་ཡང་། དེ་རིང་རྒྱ་ནག་ནང་ཕུགས་བསམ་དང་ལྡན་པའི་བདེན་དོན་འཚོལ་མཁན་དང་དྲང་གཏམ་བཤད་མཁན་ཚོར་དཀའ་ངལ་འཕྲད་སྲིད་ཀྱང་། རྩོམ་པ་པོ་ལུའུ་ཞུན་གྱིས་བཤད་པ་ལྟར་སྣག་སྨྱུག་གིས་རྫུན་གཏམ་བཤད་པ་ནི་ཁྲག་གིས་བདེན་པ་བྲིས་པ་དང་ནམ་ཡང་བསྡུར་ཐབས་མེད་ཅེས་བཤད་ཡོད་པ་རེད།

མཐའ་མཇུག་འདིར་ཨ་རིའི་ལྟ་ཚུལ་ངོས་ནས་བལྟས་ན། ཧུའུ་ཧྲི་ནི་བྱེ་བྲག་གི་གནད་དོན་ཐག་གཅོད་པར་དགའ་བ་ལས་ངོས་འཛིན་རྒྱུ་མེད་པའི་ཆབ་སྲིད་གཞུང་ལུགས་ལ་མགོ་འཁོར་མེད། འོན་ཀྱང་ངས་འདིར་ཁོང་གིས་རིང་ལུགས་ལ་ངོ་རྒོལ་བྱེད་པའི་རྩ་དོན་གཏོར་ནས་བཤད་ན། དེ་རིང་གི་རྒྱ་ནག་ལ་མི་རིགས་རིང་ལུགས་ཅུང་ཉུང་དྲག་པ་དང་སྤྱི་དམངས་རིང་ལུགས་ཁྲོད་ཁེ་ཕན་ལེན་མཁན་ཅུང་མང་དྲག་མིན་འདྲི་དགོས་བྱུང་། སྤྱི་དམངས་རིང་ལུགས་ཀྱི་དམངས་གཙོས་གཡས་ཕྱོགས་གཡོན་ཕྱོགས་ཀྱི་ཆབ་སྲིད་ལངས་ཕྱོགས་ལ་དེ་ཙམ་དོ་འཁུར་མེད་པར་གོང་འོག་ལ་དོ་འཁུར་བྱེད་ཀྱི་ཡོད་པ་དེས། མི་ཉུང་ཤས་ཤིག་ལ་མི་མང་པོ་ཞིག་གི་མོས་མཐུན་འཐོབ་དགོས་པ་སྟོན་གྱི་ཡོད། དམིགས་བསལ་གོ་དབང་ཅན་གྱི་མི་ཚོས་མང་ཚོགས་བློས་གཏོང་བྱས་ཏེ། བསམ་སྤྱོད་གུ་དོག་པོ་དང་རང་འདོད་ཚ་བོ་ཆགས་སྐབས་སྤྱི་དམངས་རིང་ལུགས་ཀྱིས་ཁོ་ཚོ་བློ་ཞུམ་པའམ་ཕམ་པར་རྒྱག་གི་ཡོད། ནུས་ཤུགས་འདི་ཡིས་ཕྱི་ལོ་ ༢༠༡༥ ལོར་དབྱིན་ཡུལ་ཡུ་རོབ་སྤྱི་མཐུན་ཚོགས་པར་ཁ་བྲལ་བ་དང་། ཕྱི་ལོ་ ༢༠༡༦ ལོར་ཊོམ་ཕུ་ལ་སྲིད་འཛིན་གྱི་རྒྱལ་ཁ་ཐོབ་པ་རེད། ཕྱི་ལོ་ ༡༧༧༦ ལོར་སློབ་གྲྭ་གསར་འཛུགས་བྱེད་མཁན་ཚོ་རང་བཙན་བསྒྲགས་གཏམ་ནང་ཞུགས་ཤིང་མཚན་རྟགས་རྒྱག་པར་སྐུལ་འདེད་བཏང་ཡོད། དེ་ཡིས་རྒྱལ་ཁབ་ཀྱི་སྐུ་དྲག་དབང་འཛིན་པ་ཚོར་ཨ་རི་ཨང་དང་པོ་ཞེས་པ་སྟེ། ཁོ་ཚོས་སུ་ཡི་ཆེད་དུ་ལས་ཀ་སྒྲུབ་དགོས་མིན་གསལ་འདེབས་བྱས་ཡོད།

ལྔ་བཞིའི་ལས་འགུལ་གྱི་སྲོག་ཤིང་ལའང་དེ་དང་འདྲ་བའི་བསམ་ཚུལ་ཡོད་པ་མ་རེད་དམ། ཧུའུ་ཧྲིས་སྐད་ཡིག་སྒྱུར་བཅོས་བྱས་ཏེ་སྤྱི་དམངས་ཡོངས་ཀྱིས་བེད་སྤྱོད་ཐུབ་པར་བྱེད་དོན་ནི། སྐབས་དེའི་རྒྱ་ནག་གི་སྐུ་དྲག་ཚོར་ངོ་རྒོལ་གྱི་དམག་བརྡ་བཏང་བ་ཞིག་མ་རེད་དམ། དོན་དམ་པར་སྲོལ་རྒྱུན་དབང་ཆའི་སྒྲིག་འཛུགས་ལ་རྒོལ་བ་མ་ཡིན་ནམ། ཁོ་ཚོའི་དམིགས་ཡུལ་ནི་རྒྱ་ནག་དེ་སྤྱི་དམངས་ལྟེ་བ་ཡིན་པའི་སྲིད་གཞུང་ཞིག་ཏུ་མངོན་འགྱུར་ཡོང་རྒྱུ་མིན་ནམ། སྲིད་གཞུང་ལྟེ་བ་དང་ཡོད་ཚད་ཀྱི་ཚབ་མཚོན་བྱེད་རྒྱུ་དེ་མིན་པས། འཛམ་གླིང་གིས་རྒྱ་ནག་མི་དམངས་ཀྱིས་གནད་དོན་འདི་དག་ལ་དྲིས་ལན་འདེབས་པར་སྒུག་ནས་ཡོད། ཐུགས་རྗེ་ཆེ།

བསྐྱར་བཅོས།: ༢༠༢༠/༠༦/༠༦

Leave a Reply