གྲོས་ཚོགས་མཉམ་འབྲེལ་ཚོགས་པ་བཙུགས་ཏེ་རྒྱ་ནག་ལ་ཁ་གཏད་གཅོག་རྒྱུ་ཡིན་འདུག

ཨ་རི་དང་ཉི་ཧོང་། དེ་བཞིན་ཡུ་རོབ་ཀྱི་སྟོབས་ཅན་རྒྱལ་ཁབ་ཁག་ཅིག་བཅས་འཛམ་གླིང་རྒྱལ་ཁབ་ཁག་གི་འཐུས་མི་ ༢༤ ཡིས་གྲོས་ཚོགས་མཉམ་འབྲེལ་ཚོགས་པ་བཙུགས་ཏེ་རྒྱ་ནག་གིས་གོ་ལ་ཧྲིལ་པོར་སྤྲོད་བཞིན་པའི་གནོད་སྐྱོན་ལ་རྒོལ་གཏམ་བསྒྲགས།ཁ་སང་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་ཐོན་པ་ལྟར་ན། ཨ་རིའི་གྲོས་ཚོགས་འཐུས་མི་ (Marco Rubio)ལགས་དང་རོ་བྷར་ཊི་(Robert Menendez)ལགས། ཡུ་རོབ་གྲོས་ཚོགས་འཐུས་མི་ རཱེན་ཧ་ཌི་(Reinhard Bütikofer)ལགས། དབྱིན་ཡུལ་གྲོས་ཚོགས་འཐུས་མི་དང་རྙིང་ཞེན་སྲིད་དོན་ཚོགས་པའི་ཚོགས་གཙོ་ཟུར་པ་སི་མེ་ཐི་(Iain Duncan Smith)ལགས། དེ་བཞིན། ཉི་ཧོང་དང་ཨོ་གླིང་། ཁེ་ན་ཌ། ནོར་ཝེ་དང་སོ་ཝེ་ཌན། འཇར་མན། དེ་བཞིན་ཡུ་རོབ་མཐུན་ཚོགས་ཚུད་པའི་རྒྱལ་ཁབ་དང་མཐུན་ཚོགས་ཁྱོན་ ༡༢ ཀྱི་གྲོས་ཚོགས་འཐུས་མི་༢༤ ཡིས་མཉམ་འབྲེལ་བྱས་ཏེ། རྒྱ་ནག་གཞུང་གིས་ཧོང་ཀོང་ཐོག་འཛིན་བཞིན་པའི་ཆབ་སྲིད་དང་ཐོག་མའི་ཆར་ཏོག་དབྱིབས་གཉན་རིམས་ལ་སྟངས་འཛིན་བྱེད་ཕྱོགས་སོགས་གཙོར་བཟུང་གིས། རྒྱ་ནག་གི་ཁ་གཏད་དུ་ལངས་འཆར་ཡོད་སྐོར་ཡོངས་བསྒྲགས་གནང་ཡོད་པ་དང་། རྒྱ་ནག་གཞུང་གིས་རྒྱ་ནག་གི་ནང་སྲིད་ལ་ཐེ་གཏོགས་བྱས་ཏེ་སོ་སོའི་ཆབ་སྲིད་ཀྱི་དགོས་འདུན་སྐོང་ཐབས་བྱ་རྒྱུ་མཚམས་འཇོག་དགོས་སྐོར་རྒོལ་ལན་སྤྲད་འདུག

འཐུས་མི་རྣམ་པའི་བསྒྲགས་གཏམ་ནང་། དམར་ཤོག་ཚོགས་པའི་དབང་བསྒྱུར་འོག་ཡོད་པའི་རྒྱ་ནག་ནི་འཛམ་གླིང་གི་དཀའ་ངལ་ཞིག་ཆགས་ཡོད་པ་དང་། ད་ལྟ་དམངས་གཙོའི་ལམ་ལུགས་འོག་ཡོད་པའི་ང་ཚོའི་རང་དབང་དང་བདེ་འཇགས་ལ་ཉེན་ཁ་འཕྲད་ཀྱི་ཡོད་པ་མ་ཟད། རྒྱལ་སྤྱིའི་ཁྲིམས་ཀྱི་ལམ་ལུགས་ལ་དཀའ་ངལ་འཕྲད་བཞིན་ཡོད། དེར་བརྟེན། རྒྱ་ནག་གིས་བསྐྲུན་བཞིན་པའི་དཀའ་ངལ་འདི་སྣང་མེད་དུ་གཏོང་མི་རུང་ལ། འཛམ་གླིང་རྒྱལ་ཁབ་གཅིག་ཁོ་ན་ཡིས་དཀའ་ངལ་འདི་སེལ་བའི་འགན་འཁུར་དགོས་ཀྱི་མེད། ཅེས་ཨ་རི་དང་ཡུ་རོབ་སོགས་དམངས་གཙོའི་རྒྱལ་ཁབ་ཁག་མཉམ་འབྲེལ་གྱིས་རྒྱ་ནག་གི་ཁ་གཏད་གཅོག་རྒྱུ་གལ་ཆེན་ཡིན་སྐོར་བརྗོད་ཡོད་འདུག

གནད་དོན་འདིའི་ཐད་རྒྱ་ནག་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པ་ཀུན་ཧྲང (Geng Shuang)ཟེར་བས། ནུབ་ཕྱོགས་ཀྱི་སྲིད་དོན་པ་ཚོས་གྲང་དམག་གི་བསམ་བློ་དོར་ཏེ། རྒྱལ་སྤྱིའི་འབྲེལ་ལམ་ལ་གུས་བརྩི་དང་ཐབས་ལམ་འདྲ་མིན་བརྒྱུད་རྒྱ་ནག་གི་ནང་སྲིད་ལ་ཐེ་གཏོགས་བྱས་ཏེ། སོ་སོའི་ཆབ་སྲིད་ཀྱི་དགོས་འདུན་སྐོང་ཐབས་བྱེད་རྒྱུ་མཚམས་འཇོག་དགོས་ཀྱི་ཡོད། ནུབ་ཕྱོགས་ཀྱི་སྲིད་དོན་པ་དེ་ཚོས་རྒྱལ་སྤྱིའི་སྤྱི་ཚོགས་ནང་རྡོག་རྩ་གཅིག་སྒྲིལ་དང་མཉམ་ལས་མཉམ་འབྲེལ་གོང་འཕེལ་གཏོང་ཐབས་སུ་ཤུགས་རྒྱག་པར་རེ་བ་བྱེད་ཀྱི་ཡོད། ཅེས་བརྗོད་ཡོད་འདུག

རྒྱལ་ཕྲན་རང་བཞིན་གྱི་གྲོས་ཚོགས་འཐུས་མི་མཉམ་འབྲེལ་ཚོགས་པ་དེ། རྒྱ་ནག་གཞུང་གི་ཁ་གཏད་དུ་ལངས་ཏེ་རྒྱལ་སྤྱིའི་སྒྲིག་ཁྲིམས་བརྟན་སྲུང་གིས། འགྲོ་བ་མིའི་ཐོབ་ཐང་དང་འདྲ་མཉམ་ཚོང་འབྲེལ། བདེ་འཇགས་སྲིད་བྱུས། རྒྱལ་ཁབ་ཀྱི་བདག་དབང་སོགས་སྲུང་སྐྱོབ་དང་གོང་འཕེལ་གཏོང་རྒྱུ་དེ་ཡིན་པ་དང་། དོན་ཚན་འདི་དག་ནི་འཛམ་གླིང་རྒྱལ་ཁབ་མང་པོ་ཞིག་ལ་འདས་པའི་ལོ་ཤས་རིང་རྒྱ་ནག་ལྷན་དུ་འཕྲད་བཞིན་པའི་དཀའ་ངལ་ཞིག་ཆགས་ཀྱི་ཡོད་འདུག

གནད་དོན་འདིའི་ཐད་ཡུ་རོབ་གྲོས་ཚོགས་འཐུས་མི་རཱེན་ཧ་ཌི་(Reinhard Bütikofer)ལགས་ཀྱིས། ཞི་ཅིན་ཕིན་གཞུང་གིས་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་བཏང་སྟེ། རྒྱལ་སྤྱིའི་ཁྲིམས་ལ་རྒྱ་ནག་རང་གི་འདོད་མོས་ལྟར་འགྱུར་བ་གཏོང་འདོད་ཡོད་པ་རེད། ཉེ་བའི་ལོ་བཅུའི་རིང་ང་ཚོ་ཐུན་མོང་ལ་བསླབ་བྱ་ཞིག་རག་པ་ནི། རྒྱལ་ཁབ་གཅིག་ཁོ་ནས་རྒྱལ་སྤྱིའི་སྒྲིག་ཁྲིམས་སྲུང་སྐྱོབ་བྱེད་མི་ཐུབ་པ་དེ་ཡིན། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་དམར་ཤོག་ཚོགས་པས་རྒྱལ་སྤྱིའི་ཁྲིམས་ལ་འགྱུར་བཅོས་གཏོང་ཐབས་བྱེད་བཞིན་པ་ནི་ང་ཚོའི་དུས་སྐབས་འདིའི་ཕྱི་སྲིད་ཀྱི་དྲི་བ་ཅིག་ཆགས་བསྡད་ཡོད། དཀའ་ངལ་འདི་ནི་རྒྱལ་ཁབ་ཅིག་དང་འཛིན་སྐྱོང་གཅིག་གམ་ཡང་ན་སྲིད་དོན་ཚོགས་པ་གཅིག་ལས་ཆེ་བ་ཡིན། ཞེས་བརྗོད་ཡོད་འདུག

གསར་འགོད་པ། སྐལ་བཟང་སྦྱིན་པ།

བསྐྱར་བཅོས།: ༢༠༢༠/༠༦/༠༨

Leave a Reply