འོས་བསྡུ་ཡིས་ཐའེ་ཝན་གོ་མིན་ཏང་གི་ཆབ་སྲིད་ལངས་ཕྱོགས་ལ་ཤུགས་རྐྱེན་ཐེབས་པ།

ཐའེ་ཝན་ལྷོ་ཕྱོགས་ཀྱི་གྲོང་ཁྱེར་ལྟེ་བ་གོ་ཤོང་གི་སྤྱི་ཁྱབ་ཧན་ཁུའོ་ཡུ་ལ་འོས་བསྡུའི་ཁྲོད་ཕམ་ཉེས་ཆེན་པོ་བྱུང་བ་དང་གྲོང་ཁྱེར་དེའི་གྲོས་ཚོགས་ཚོགས་གཙོ་ཞེ་ཁོན་ཡན་Hsu Kun-yuan)ཐོག་རྩེག་བཅུ་བདུན་ཅན་ཞིག་ནས་མཆོངས་ཏེ་རང་ཤི་བརྒྱབ་ཡོད་པའི་གནས་ཚུལ་ཐོན།ཐའེ་ཝན་གོ་ཤོང་(Kaohsiung) གྲོང་ཁྱེར་གྱི་སྤྱི་ཁྱབ་གོ་མིན་ཏང་ཚོགས་པའི་ཧན་ཁུའོ་ཡུ་ (Han Kuo-yu) ལ་མི་མང་གིས་སྐྱོན་བརྗོད་ཤུགས་ཆེན་བྱས་པར་བརྟེན། ཟླ་འདིའི་ཕྱི་ཚེས་ ༦ ཉིན་ཁོང་ལ་བསྐྱར་དུ་འོས་བསྡུ་བྱས་པ་བརྒྱུད་མི་གྲངས་སྟོང་ཕྲག་ ༢༥ ཙམ་གྱིས་མུ་མཐུད་རྒྱབ་སྐྱོར་དང་། མི་ཁྲི་ ༩༣ ལྷག་ནས་མོས་མཐུན་བྱས་མེད་པར་བརྟེན། ལས་གནས་ནས་རྩ་དགོངས་ཞུ་དགོས་བྱུང་ཡོད་འདུག  ཕྱི་ལོ་ ༢༠༡༨ ལོའི་གྲོང་ཁྱེར་དེའི་འོས་བསྡུའི་སྐབས་གོ་ཧན་ཁུའོ་ཡུ་ལ་མི་གྲངས་ཁྲི་ ༨༩ ཡིས་འོས་ཤོག་འཕངས་ཏེ་རྒྱལ་ཁ་ཆེན་པོ་ཐོབ་ཡོད་ཀྱང་། ད་ལན་གྱི་འོས་བསྡུའི་གྲུབ་འབྲས་དེ་ནི་གོ་མིན་ཏང་ཚོགས་པས་རྒྱ་ནག་གཞུང་ལ་བློ་ཐག་ཉེ་བའི་ཆབ་སྲིད་ལངས་ཕྱོགས་ལ་ཁ་ལོ་བསྒྱུར་བའི་དཀྱོག་མཚམས་ལྟ་བུ་ཞིག་ཏུ་ངོས་འཛིན་བྱེད་ཀྱི་འདུག

འོས་བསྡུའི་གྲུབ་འབྲས་བསྒྲགས་རྗེས་ཐའེ་ཝན་གྱི་གྲོང་ཁྱེར་སྤྱི་ཁྱབ་ཧན་ཁུའོ་ཡུ་ (Han Kuo-yu) ཡིས། ཁོང་ལ་བློ་ཕམ་ཚད་མེད་བྱུང་བ་དང་། འོས་བསྡུ་དེ་ནི་དྲང་བདེན་ཞིག་བྱུང་མེད་པར་ཕྱི་ལོ་ ༢༠༡༨ ལོར་འོས་ཐོབ་བྱུང་བ་ནས་བཟུང་། གཞུང་འཛིན་དམངས་གཙོ་ཡར་ཐོན་ཚོགས་པས་ཁོང་ལ་རྟག་ཏུ་སྐྱོན་བརྗོད་དང་ངན་སེམས་ཁོག་བཅིངས་བྱས་ཡོད་པ་མ་ཟད། སྲིད་གཞུང་གིས་གཞུང་ལས་སྒྲུབ་རྒྱུའི་ཚབ་ཏུ་སྤྱི་ཚོགས་དྲ་ལམ་དུ་ཆུ་ཚོད་ཀྱི་བརྒྱ་ཆའི་ ༩༠ བཏང་བ་སོགས་གཞུང་གི་ཐོན་ཁུངས་ཡོད་ཚད་སྤྱད་དེ། ཁོང་ལ་རྒོལ་རྡུང་བྱས་ཡོད་སྐོར་སོགས་གསར་འགྱུར་བརྒྱུད་ལམ་ཁག་ཏུ་བཤད།

དེ་བཞིན་རྒྱ་ནག་དང་འབྲེལ་ཐག་ཉེ་བའི་ཐའེ་ཝན་གོ་མིན་ཏང་ཆབ་སྲིད་ཚོགས་པས་བསྒྲགས་གཏམ་ཞིག་སྤེལ་བའི་ནང་། གོ་མིན་ཏང་ཆབ་སྲིད་ཚོགས་པའི་ཚོགས་གཙོ་ (Johnny Chiang) གྱིས། ཚོགས་པའི་ངོས་ནས་དམར་ཤོག་རིང་ལུགས་ལ་དགག་པ་ཡོད་པ་དང་། དམངས་གཙོ་དང་རང་དབང་། འབྱོར་ལྡན་དང་ཆིག་སྒྲིལ་གྱི་རྒྱལ་ཁབ་ཅིག་འཛུགས་སྐྲུན་བྱེད་པར་དམིགས་ཀྱི་ཡོད་ལ། ཆབ་སྲིད་ཚོགས་པ་དེའི་ཚོགས་མི་ཚོས་རྟག་ཏུ་ཐའེ་ཝན་མི་མང་གི་ཆེད་དུ་ཐའེ་ཝན་གྱི་མངོན་འདོད་ཨང་དང་པོར་འཛིན་གྱི་ཡོད། ཅེས་བསྒྲགས།

ཧན་ཁུའོ་ཡུ་ (Han Kuo-yu)་ དང་འབྲེལ་བའི་འོས་བསྡུའི་གྲུབ་འབྲས་བསྒྲགས་ཏེ་་ཆུ་ཚོད་འགའི་རྗེས། ཁོང་གི་གྲོགས་པོ་དང་ཕྱི་ལོ་ ༢༠༡༨ ལོའི་ས་གནས་འོས་བསྡུའི་སྐབས་ཧན་ཁུའོ་ཡུ་ལ་རོགས་རམ་བྱེད་མཁན་སྟེ། གོ་ཤོང་གྲོང་ཁྱེར་(Kaohsiung) གྲོས་ཚོགས་ཚོགས་གཙོ་ཞོ་ཁུན་ཡན་ (Hsu Kun-yuan) ཐོག་རྩེག་ ༡༧ ཅན་ཞིག་ཏུ་ཡོད་པའི་རང་ཁྱིམ་གྱི་སྒེའུ་ཁུང་ནས་མཆོངས་ཏེ་རང་ཤི་བརྒྱབ་ཡོད་པ་དང་། མི་མང་པོ་ཞིག་གིས་ཁོས་རང་ཤི་རྒྱག་དོན་ནི་འོས་བསྡུ་དང་འབྲེལ་བ་ཡོད་སྲིད་སྐོར་བརྗོད་ཀྱི་འདུག་ལ། ཁོའི་བཟའ་ཟླས་ཉིན་དེར་ཞོ་ཡི་སེམས་པ་སྐྱིད་པོ་མེད་སྐོར་དང་། ཁོས་རང་ཤི་རྒྱག་སྐབས་མོ་རང་དང་བུ་མོ་གཉིས་རང་ཁྱིམ་དུ་ཡོད་ནའང་། སྒེའུ་ཁུང་ནས་མཆོངས་ཏེ་གཞན་གྱི་ཚུར་བཤད་དུས་མ་གཏོགས་ཤེས་རྟོགས་བྱུང་མེད་སྐོར་བརྗོད་འདུགཧན་ཁུའོ་ཡུ་ཡིས་གྲོང་ཁྱེར་སྤྱི་ཁྱབ་པའི་ལས་གནས་འཁུར་ཏེ་ཟླ་ ༨ ཙམ་རྗེས་ཁོས་རང་ཉིད་འདི་ལོའི་ཐའེ་ཝན་གྱི་སྲིད་འཛིན་འོས་བསྡུ་ཆེན་མོའི་ནང་ཞུགས་རྒྱུ་ཡིན་སྐོར་བསྒྲགས་ཏེ། གྲོང་ཁྱེར་སྤྱི་ཁྱབ་པ་ནས་ཟླ་གསུམ་ཙམ་རིང་དགོངས་པ་ཞུས་ཡོད་པས། གྲོང་ཁྱེར་སྤྱི་ཁྱབ་པའི་ལས་གནས་སུ་ལས་འགན་དུས་ལྟར་སྒྲུབ་ཀྱི་མེད་པ་དང་། གྲོང་ཁྱེར་སྤྱི་ཁྱབ་བྱེད་རིང་གྲོང་ཁྱེར་ལ་བཟང་ཕྱོགས་ཀྱི་འགྱུར་བ་གཅིག་ཀྱང་བྱུང་མེད་པ། དེ་བཞིན་ཕྱི་ལོ་ ༢༠༡༨ ལོའི་འོས་བསྡུའི་སྐབས་ཁས་ལེན་བྱས་པའི་དམ་བཅའ་གང་ཡང་འགྲུབ་མེད་སྐོར་དང་། གོ་མིན་ཏང་ཆབ་སྲིད་ཚོགས་པའི་འདི་ལོའི་སྲིད་འཛིན་འོས་མིར་ཆེད་འདོན་བྱས་ཡོད་སྟབས། འོས་བསྡུའི་དྲིལ་བསྒྲགས་སྐབས་དྲིལ་བསྒྲགས་འོས་འཚམ་བྱེད་ཐུབ་མེད་པ། ཕྱིས་སུ་སྲིད་འཛིན་འོས་བསྡུའི་སྐབས་སྲིད་འཛིན་ལས་ཐོག་ཚའེ་ཡེན་ཝུན་མཆོག་ལ་འགྲན་བཙུགས་ཏེ་ཕམ་ཉེས་ཆེན་པོ་བྱུང་བ་སོགས་ལ་བརྟེན། ཕྱོགས་གཏོགས་ཆབ་སྲིད་ཚོགས་པའི་ཚོགས་མིས་ཀྱང་སྐྱོན་བརྗོད་ཆེན་པོ་བྱུང་སྟེ། ཐའེ་ཝན་འོས་བསྡུ་ལྷན་ཁང་གིས་བསྐྱར་དུ་འོས་བསྡུ་བྱ་དགོས་བྱུང་ཡོད་འདུག

རྒྱལ་ས་ཐའེ་པའེ་ཡི་རྒྱ་ནག་རིག་གནས་སློབ་ཆེན་གྱི་ཆབ་སྲིད་ཚན་རིག་གི་སློབ་དཔོན་ཆེན་མོ་ (Wang Kung-yi) ཡིས། ཕྱི་ལོ་ ༢༠༡༨ ལོར་ཁོང་གྲོང་ཁྱེར་སྤྱི་ཁྱབ་ལ་འོས་འདེམས་བྱེད་སྐབས་ཀྱི་འོས་གྲངས་ཁྲི་ ༨༩ ཡོད་པ་དེ་ལས་ད་ལྟ་ཁོང་ཕུད་སྐབས་ཀྱི་འོས་གྲངས་མང་བ་ཡོང་རྒྱུ་སུ་གཅིག་གི་སེམས་ལའང་ཤར་མེད་པ་རེད། མི་མང་གིས་རང་ཉིད་ཀྱིས་ཧན་ཁུའོ་ཡུ་ (Han Kuo-yu) ལ་འདོད་མོས་མེད་པའི་རྣམ་འགྱུར་བསྟན་པ་ཙམ་དུ་མ་ཟད། པེ་ཅིན་ཕྱོགས་ནས་ཐའེ་ཝན་ལ་ཕྱི་འབྲེལ་གྱི་གནོན་ཤུགས་སྤྲོད་པ་དང་། དྲག་དམག་གིས་འཇིགས་སྐུལ་ཡང་ཡང་བྱེད་པ། ཧོང་ཀོང་སོགས་ཀྱི་གནད་དོན་དང་འབྲེལ་རྒྱ་ནག་སྐམ་སར་འཁོན་འཛིན་ཆེ་རུ་འགྲོ་བཞིན་པ་སྟོན་གྱི་ཡོད་པ་རེད། ཅེས་བརྗོད་འདུག

གནད་དོན་དབྱེ་ཞིབ་པས། གོ་མིན་ཏང་ཚོགས་པའི་གྲོང་ཁྱེར་སྤྱི་ཁྱབ་པར་ཕམ་ཉེས་ཆེན་པོ་བྱུང་བ་དེ་ཡིས་གཞུང་འཛིན་དམངས་གཙོ་ཡར་ཐོན་ཚོགས་པར་དབང་ཤུགས་ཆེ་རུ་འགྲོ་ངེས་པ་དང་། རྒྱ་ནག་སྐམ་ས་དང་འབྲེལ་ཐག་ཉེ་བའི་གོ་མིན་ཏང་ཚོགས་པའི་ནང་ཁུལ་གྱི་འགལ་ཟླ་ཆེ་རུ་འགྲོ་བ་མ་ཟད། ལོ་རྗེས་མའི་ས་གནས་ཀྱི་འོས་བསྡུ་དང་། ཕྱི་ལོ་ ༢༠༢༤ ལོའི་སྲིད་འཛིན་འོས་བསྡུའི་སྐབས། གོ་མིན་ཏང་ཆབ་སྲིད་ཚོགས་པའི་འོས་ཞུགས་ཀྱི་སྲིད་བྱུས་ལ་ཤུགས་རྐྱེན་ཆེན་པོ་ཐེབས་ཀྱི་ཡོད་པ་དང་། ཆབ་སྲིད་ཚོགས་པ་དེར་འགྱུར་བ་ཤུགས་ཆེན་པོ་ཞིག་གཏོང་དགོས་པའི་རྟགས་མཚན་བྱུང་བ་ཡིན་ཚུལ་བརྗོད་ཀྱི་འདུག

ཐའེ་ཝན་གྱི་འོས་བསྡུའི་སྒྲིག་གཞིའི་ནང་མི་མང་གི་འདོད་བློ་མ་ཁེངས་བའི་གཞུང་གི་ལས་བྱེད་ཅིག་བྱུང་ཚེ། འོས་བསྡུ་ལྷན་ཁང་ལ་ཞུ་གཏུག་བྱས་ཏེ་ས་གནས་མི་མང་ལ་མང་མོས་ཡོད་མེད་ཐད་བསྐྱར་དུ་འོས་བསྡུ་བྱེད་ཆོག་པ་བཀོད་ཡོད་པ་དང་། ད་སྔ་བར་སྡེ་དཔོན་དང་གྲོས་ཚོགས་འཐུས་མི། ཆབ་སྲིད་ཚོགས་པའི་ཚོགས་གཙོ་སོགས་ལ་བསྐྱར་དུ་འོས་བསྡུ་བྱེད་དགོས་པ་ཐེངས་ ༡༣ ལ་བྱུང་འདུག་ནའང་། དེའི་ཁྲོད་བསྐྱར་དུ་འོས་བསྡུ་བྱས་ཏེ་ཕམ་ཉེས་ཆེན་པོ་བྱུང་བ་གྲོང་ཁྱེར་སྤྱི་ཁྱབ་པའི་འོས་བསྡུ་འདི་ཡིན་འདུག གྲོང་ཁྱེར་སྤྱི་ཁྱབ་ཀྱི་འོས་བསྡུའི་གསལ་བསྒྲགས་གྲུབ་རྗེས། ཧན་ཁུའོ་ཡུ་ (Han Kuo-yu) ཡིས་ཏསཅ་དགོངས་ཞུ་དགོས་པ་དང་། ཟླ་གསུམ་རིང་གྲོང་ཁྱེར་སྤྱི་ཁྱབ་པ་ཞིག་འོས་འདེམས་མ་བྱུང་བར་བློན་ཆེན་ལས་ཁུངས་ཀྱིས་གྲོང་ཁྱེར་སྤྱི་ཁྱབ་ཀྱི་ལས་ཚབ་ཞིག་བསྐོ་བཞག་གནང་གི་ཡོད་འདུག

རྒྱ་ནག་གཞུང་གིས་ཐའེ་ཝན་ནི་རྒྱ་ནག་གི་ཞིང་ཆེན་ཞིག་དང་། རྒྱ་ནག་གི་ཁ་བྲལ་ཐབས་མེད་པའི་ཆ་ཤས་ཤིག་ཡིན་པ་བརྗོད་ཀྱི་ཡོད་པ་མ་ཟད། དགོས་ངེས་བྱུང་ཚེ་དྲག་ཤུགས་སྤྱད་དེ་དབང་བསྒྱུར་བྱ་རྒྱུ་ཡིན་སྐོར་གྱི་འཇིགས་སྐུལ་ཀྱང་བྱེད་ཀྱི་ཡོད་པ་རེད། ཐའེ་ཝན་སྲིད་འཛིན་ཚའེ་ཡེན་ཝུན་མཆོག་གིས་ཐའེ་ཝན་ནི་རྒྱ་ནག་ལས་ལོགས་སུ་རང་བཙན་ལྡན་པའི་གླིང་ཕྲན་རྒྱལ་ཁབ་ཅིག་ཡིན་སྐོར་གསུངས་ཡོད་པ་དང་། ཉེ་བའི་ལོ་ཤས་རིང་ནས་རྒྱ་ནག་དང་ཐའེ་ཝན་གཉིས་བར་གྱི་འགལ་ཟླ་ཤུགས་ཆེ་རུ་འགྲོ་བཞིན་ཡོད་ལ། ལྷག་པར་དུ་ཉེ་ཆར་ཧོང་ཀོང་དང་འབྲེལ་རྒྱ་ནག་གཞུང་གིས་རྒྱལ་ཁབ་བདེ་འཇགས་ཁྲིམས་ཡིག་ཟེར་བ་ཞིག་བསྒྲགས་པར་བརྟེན། ཧོང་ཀོང་ནང་ངོ་རྒོལ་ཁྲོམ་སྐོར་གྱི་ལས་འགུལ་ཤུགས་ཆེན་འབྱུང་བཞིན་པ་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་འཕྲོད་བསྟེན་སྒྲིག་འཛུགས་ནང་ཐའེ་ཝན་འཛུལ་ཞུགས་བྱེད་པར་རྒྱ་ནག་གཞུང་གིས་དངོས་ཤུགས་བརྒྱུད་གསུམ་ནས་བཀག་འགོག་བྱེད་ཀྱི་ཡོད་པར་བརྟེན། ཕྱོགས་གཉིས་ཀྱི་འབྲེལ་བ་སྡུག་ཏུ་འགྲོ་བཞིན་པ་མ་ཟད། ཐའེ་ཝན་མི་མང་གིས་རྒྱ་ནག་ལ་ལྟ་སྟངས་ཐད་འགྱུར་བ་ཆེན་པོ་འགྲོ་ཡི་ཡོད་པ་རེད། 
གསར་འགོད་པ། ཀླུ་མགོན་ཐར།

བསྐྱར་བཅོས།: ༢༠༢༠/༠༦/༠༨

Leave a Reply