རྒྱལ་ཁབ་ ༢༥ ཙམ་ལ་ཏོག་དབྱིབས་འགོག་བཅོས་ཁྲོད་རྒྱལ་ཁ་འཐོབ་ཀྱི་ཡོད་འདུག

འཛམ་གླིང་རྒྱལ་ཁབ་ ༢༥ ཙམ་གྱིས་ཏོག་དབྱིབས་གཉན་རིམས་ལ་འགོག་བཅོས་བྱས་ཏེ་བདུན་ཕྲག་གཉིས་གསུམ་ནང་འདས་པོ་དང་ནད་པ་གསར་པ་ཧ་ཅང་ཇེ་ཉུང་དུ་འགྲོ་བཞིན་ཡོད་པའི་ཁྲོད་ནས་ནེའུ་ཛི་ལན་ནི་དཔེ་མཚོན་ལྟ་བུར་གྱུར་འདུག དེ་རིང་རྒྱལ་སྤྱིའི་གསར་ལམ་ཁག་ཏུ་གནས་ཚུལ་ཐོན་པ་ལྟར་ན། རྒྱ་ནག་ནས་མཆེད་པའི་ཏོག་དབྱིབས་གཉན་རིམས་ཀྱིས་འཛམ་གླིང་མི་མང་གི་ཚེ་སྲོག་དང་རྒྱུ་དངོས་སོགས་ལ་གནོད་སྐྱོན་ཚབས་ཆེན་ཐེབས་བཞིན་པའི་སྐབས་འདིར། ནེའུ་ཛི་ལན་(New Zeland)རྒྱལ་ཁབ་ཀྱི་སྲིད་བློན་ལྕམ་སྐུ་ཇཱེ་སིན་ཌ་ཨཱར་དི་རཱེན་(Jacinda Ardern)ལགས་ཀྱིས། བདུན་ཕྲག་གཉིས་ལྷག་ཕྱིན་ཡང་རྒྱལ་ཁབ་དེར་ཏོག་དབྱིབས་ནད་པ་གསར་དུ་གཅིག་ཀྱང་འཐོན་མེད་པ་མ་ཟད། དེའི་གོང་གི་ནད་པ་ཡོད་ཚད་ཀྱང་ཡོངས་སུ་དྲག་སྐྱེད་བྱུང་བར་བརྟེན། ཁྱིམ་སྡོད་བཀའ་རྒྱ་དང་སྤྱི་ཚོགས་རྒྱང་བཀྱེད་ཀྱི་བཀའ་རྒྱ་རྣམས་ཕྱིར་འཐེན་གྱིས། སློབ་གྲྭ་དང་ལས་ཁུངས། ཚོང་ལས་ཁག དེ་བཞིན་མི་ཚོགས་འདུ་འཛོམས་ཀྱི་མཛད་སྒོ་སོགས་ལ་དགག་བྱ་མེད་པར་རྒྱུན་ལྡན་གྱི་འཚོ་བར་རོལ་ཆོག ཅེས་ཡོངས་བསྒྲགས་བྱས་འདུག

སྲིད་བློན་གྱི་གསལ་བསྒྲགས་དེའི་ནང་དུ། ད་ལྟ་ང་ཚོའི་གནས་སྟངས་དེ་བདེ་འཇགས་ལྡན་པ་ཞིག་ཡིན་ཡང་། ཏོག་དབྱིབས་གཉན་རིམས་མ་བྱུང་གོང་གི་འཚོ་བའི་གནས་སྟངས་དེར་བསླེབ་རྒྱུ་ཁག་པོ་ཆགས་བསྡད་ཡོད་སྟབས། ང་ཚོས་གཉན་རིམས་དེ་ལས་རྒྱལ་ཁ་ལེན་པར་འབད་བརྩོན་བྱས་པ་ལྟར། ད་ཆ་རྒྱལ་ཁབ་ཀྱི་དཔལ་འབྱོར་སླར་གསོ་ཆེད་ཤུགས་སྣོན་བརྒྱབ་དགོས། ཞེས་དང་། ད་ལྟ་ང་ཚོའི་རེ་བ་དེ་ཡོངས་སུ་འགྲུབ་མེད་ཀྱང་། ནད་ཡམས་དེ་ལས་རྒྱལ་ཁ་ལེན་ཐུབ་པ་དེ་བྱས་རྗེས་ཆེན་པོ་ཞིག་ཡིན་པ་སྨོས་མེད་རེད། དེར་བརྟེན། ངས་ནེའུ་ཛི་ལན་རྒྱལ་ཁབ་ལ་གོ་སྐབས་འདི་བརྒྱུད་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཞེས་བརྗོད་འདུག

ནེའུ་ཛི་ལན་རྒྱལ་ཁབ་ཀྱིས་འདི་ལོའི་ཕྱི་ཟླ་ ༣ ཚེས་ ༢༥ ནས་ཁྱིམ་སྡོད་བཀག་རྒྱ་དང་སྤྱི་ཚོགས་རྒྱང་བཀྱེད་ཀྱི་བཀའ་རྒྱ་བཏང་ཡོད་པ་དང་། རིམ་གྱིས་རྒྱལ་ཁབ་དེའི་ནང་ཏོག་དབྱིབས་ནད་པ་ཁྱོན་བསྡོམས་ ༡༡༥༤ བྱུང་སྟེ་མི་གྲངས་ ༢༢ འདས་གྲོངས་སུ་ཕྱིན་ཡོད་ཀྱང་། ནད་རྟགས་བྱུང་བའི་མི་རྣམས་དུས་ཐོག་ཏུ་ཟུར་བཀག་ཏུ་བཞག་པ་དང་བརྟག་དཔྱད་ཞིབ་ནན་བྱས་པར་བརྟེན། རིམ་གྱིས་ནད་ཡམས་དེ་ལས་ཡོངས་སུ་མཐར་ཐུབ་ཡོད་པ་དང་། འཛམ་གླིང་རྒྱལ་ཁབ་མང་པོས་བསྔགས་བརྗོད་བྱེད་ཀྱི་ཡོད་འདུག

ཏོག་དབྱིབས་ནད་ཡམས་ལ་དམིགས་བསལ་ཞིབ་དཔྱོད་བྱེད་མཁན་ཚོས་བརྗོད་པ་ལྟར་ན། ད་ལྟ་རྒྱལ་ཁབ་ ༢༥ ཙམ་གྱིས་འགོག་བཅོས་དང་གདོང་ལེན་གྲུབ་འབྲས་ལྡན་པ་བྱས་པར་བརྟེན། བདུན་ཕྲག་གཉིས་གསུམ་ནང་འདས་པོ་དང་ནད་པ་གསར་པ་ཧ་ཅང་ཇེ་ཉུང་དུ་འགྲོ་བཞིན་ཡོད་འདུགརྒྱ་གར་ནང་ལྟ་བུར་མཚོན་ན། འདས་པའི་ཉིན་ཤས་ནང་ཏོག་དབྱིབས་ནད་པ་མང་དུ་ཕྱིན་ཡོད་པ་མ་ཟད། ད་ལྟ་ནད་པའི་མི་གྲངས་འབུམ་ ༢ བརྒལ་ཟིན་པ་དང་། ཉིན་རེར་ནད་པ་མི་གྲངས་སྟོང་ཕྲག་ ༧ དང་ ༡༠ ཡི་བར་ཡོང་གི་ཡོད་ཀྱང་། བར་སྐབས་ནས་ན་ཚ་དེའི་རྐྱེན་བྱས་ཏེ་སྲོག་ཤོར་བའི་གྲངས་འབོར་ཉུང་དུ་ཕྱིན་ཡོད་པ་དང་། ནད་པ་དྲག་སྐྱེད་ཀྱི་བརྒྱ་ཆ་ཡང་འཕར་ཏེ་ ༤༨.༣༥ ཆགས་འདུག་ལ། དེ་རིང་བར་རྒྱ་གར་ནང་ན་ཚ་དེ་ལས་དྲག་སྐྱེད་བྱུང་བའི་མི་གྲངས་ ༡༢༤༠༩༤ བྱུང་ཡོད་པ་རེད།

ཇོན་ཧོབ་ཀཱིན་གཙུག་ལག་སློབ་ཁང་གིས་བརྗོད་པ་ལྟར་ན། ད་ལྟ་བར་འཛམ་གླིང་ནང་མི་གྲངས་ས་ཡ་ ༧ ལྷག་ལ་ཏོག་དབྱིབས་གཉན་རིམས་འགོས་ཡོད་པ་དང་། མི་གྲངས་འབུམ་ ༤ ལྷག་འདས་གྲོངས་སུ་ཕྱིན་ཡོད་འདུག ད་ལྟ་ཏོག་དབྱིབས་ནད་པ་མང་ཤོས་ཨ་རི་ལ་ནད་པ་ས་ཡ་ ༢ ཙམ་ལ་སླེབ་གྲབས་ཡོད་པ་མ་ཟད། མི་གྲངས་ཁྲི་ ༡༡ ཙམ་འདས་སུ་ཕྱིན་ཡོད་འདུག དེ་ནས་ནད་པ་མང་ཤོས་གཉིས་པ་ནི་བྷར་ཛིལ་ལ་ནད་པ་ ༦༧༢༠༠༠ ལྷག་དང་། ནད་པ་མང་ཤོས་གསུམ་པ་ཨུ་རུ་སུའི་ནང་ནད་པ་ ༤༦༧༠༠༠ ལྷག་ཡོད་འདུག

ལྡི་ལིའི་གསར་འགོད་པ་ཉི་མ་ཚེ་རིང་།

བསྐྱར་བཅོས།: ༢༠༢༠/༠༦/༠༨

Leave a Reply