ལྷོ་བྱང་ཀོ་རི་ཡའི་འབྲེལ་ལམ་ཡོངས་སུ་བཅད།

བྱང་ཀོ་རི་ཡའི་མགོ་འཁྲིད་དང་སྲིད་གཞུང་ལ་སྐྱོན་བརྗོད་བྱེད་པའི་དྲིལ་བསྒྲགས་རིགས་ལ་བཀག་འགོག་མ་བྱས་པའི་ཉེས་འཛུགས་འོག་ལྷོ་བྱང་ཀོ་རི་ཡའི་འབྲེལ་བ་ཡོངས་སུ་བཅད་ཡོད་འདུགཁ་སང་བྱང་ཀོ་རི་ཡའི་དབུས་གསར་འགྱུར་ལས་ཁང་ (Korean Central News Agency) གིས་གཞུང་འབྲེལ་གསལ་བསྒྲགས་ཤིག་སྤེལ་བའི་ནང་། ལྷོ་ཀོ་རི་ཡས་བྱང་ཀོ་རི་ཡའི་གཞུང་དང་དབུ་ཁྲིད་ལ་སྐྱོན་བརྗོད་བྱེད་པའི་ཤོག་དྲིལ་(Leaflet)རྣམས་བྱང་ཀོ་རི་ཡའི་ནང་འགྲེམ་གཏོང་བྱེད་མཁན་ཚོ་བཀག་འགོག་བྱས་མེད་པ་དེར་རྒོལ་ལན་སྤྲོད་ཆེད། ཁ་སང་ཉིན་རྒྱབ་ནས་བྱང་ཀོ་རི་ཡས་ལྷོ་ཀོ་རི་ཡར་མཐུད་པའི་འབྲེལ་ལམ་ཡོངས་རྫོགས་བཅད་ཡོད་འདུག

ད་ཐེངས་ཀྱི་གནད་དོན་དང་འབྲེལ་ནས་ལྷོ་ཀོ་རི་ཡའི་གཅིག་སྒྲིལ་བློན་ཆེན་ལྷན་ཁང་གིས། འཆར་ཅན་ལྟར་ཁ་སང་སྔ་དྲོར་ཀོ་རི་ཡའི་ལས་དོན་ཁང་(Liaison Office) གིས་བྱང་ཀོ་རི་ཡར་ཁ་པར་བཏང་ཡོད་ཀྱང་ལན་འབྱོར་མེད་ཡོད་པ་དང་། ལྷོ་བྱང་ཀོ་རི་ཡའི་ཛ་དྲག་དམག་དོན་འབྲེལ་ལམ་བརྒྱུད་འབྲེལ་བ་བྱས་ཀྱང་ལན་སྤྲོད་མཁན་བྱུང་མེད་པ། དེ་ཙམ་དུ་མ་ཟད་ལྷོ་ཀོ་རི་ཡའི་སྲིད་འཛིན་ལས་ཁུངས་དང་བྱང་ཀོ་རི་ཡའི་དབུས་གཞུང་བར་གྱི་བརྒྱུད་ལམ་ནས་ཀྱང་འབྲེལ་ཐུབ་མེད་སྐོར་བརྗོད་འདུག

འདས་པའི་ཉིན་ཤས་རིང་ནས་བྱང་ཀོ་རིས་ལྷོ་ཀོ་རི་ཡ་གཞུང་ལ། བྱང་ནས་ལྷོ་ལ་བྲོས་བྱོལ་དུ་སོང་བའི་མི་རེ་འགས་ས་མཚམས་བརྒྱུད། བྱང་ཀོ་རི་ཡའི་ནང་ཡུལ་དེའི་གཞུང་དང་མགོ་འཁྲིད་ལ་དམའ་འབེབ་དང་སྐྱོན་བརྗོད་ཀྱི་ཤོག་དྲིལ་འགྲེམ་གཏོང་བྱེད་བཞིན་པའི་བྱ་སྤྱོད་མཚམས་འཇོག་བྱེད་དུ་འཇུག་དགོས་པ་དང་། གལ་ཏེ་དེ་ལྟར་མ་བྱས་ཚེ། ལྷོ་བྱང་ཀོ་རི་ཡའི་འབྲེལ་ལམ་ཡོངས་རྫོགས་དང་ལས་གཞི་གཞན་ཀྱང་མཚམས་འཇོག་བྱ་རྒྱུ་ཡིན་སྐོར་གྱི་ཉེན་བརྡ་བཏང་ཡོད་པ་རེད།

བྱང་ཀོ་རི་ཡའི་དབུས་གསར་འགྱུར་ལས་ཁང་གི་གསལ་བསྒྲགས་དེའི་ནང་། ལྷོ་ཀོ་རིའི་མགོ་འཁྲིད་རྣམས་ཀྱི་གཡོ་སྒྱུ་ཅན་གྱི་བྱ་སྤྱོད་དག་གིས་བྱང་ཀོ་རི་ཡའི་མང་ཚོགས་རྣམས་ཁོང་ཁྲོ་བསླངས་ཡོད་པ་དང་། ལྷོ་བྱང་ཀོ་རི་ཡའི་བར་ལ་གནད་དོན་མང་དག་ཅིག་གི་ཐོག་ད་དུང་ཐག་གཅོད་བྱུང་མེད་སྐོར་དང་། ལྷོ་ཀོ་རི་ཡས་བྱང་ཀོ་རི་ཡ་བློ་ཕམ་དུ་བཅུག་ཡོད་པས། ལྷོ་ཀོ་རི་ཡའི་མགོ་འཁྲིད་དང་ལྷན་དུ་གདོང་དང་གདོང་ཐུག་ནས་གྲོས་མོལ་བྱེད་དགོས་དོན་མེད་ལ། གྲོས་མོལ་བྱེད་དགོས་པའི་གནད་དོན་ཡང་མེད་སྐོར་སོགས་བརྗོད་ཡོད་འདུག

དེ་བཞིན་བྱང་ཀོ་རི་ཡའི་ཆེས་མཐོའི་མགོ་འཁྲིད་ཀེམ་ཇོང་ཨན་གྱི་གཅུང་མོ་ཀེམ་ཡོ་ཇོང་ (Kim Yo-jong) དང་། གཞུང་འཛིན་ངལ་རྩོལ་ཚོགས་པའི་ཚོགས་གཙོ་གཞོན་པ་ཀེམ་ཡོང་ཁྲོལ་ (Kim Yong-chol) གཉིས་ཀྱིས། ལྷོ་ཀོ་རི་ཡ་དེ་ཉིད་དགྲ་བོ་ཞིག་གི་ངོ་བོར་བཞག་པའི་ཐོག་ནས་འབྲེལ་ལམ་གཅོད་རྒྱུ་གཏན་འཁེལ་བ་ཡིན་སྐོར་བཤད་འདུགད་ཐེངས་ཀྱི་གནད་དོན་ནི་ལྷོ་བྱང་ཀོ་རི་ཡའི་བར་གྱི་འབྲེལ་ལམ་ཇེ་སྡུག་ཏུ་འགྲོ་བཞིན་པའི་རྣམ་པ་གསལ་ཤོས་ཤིག་ཡིན་འདུག ཕྱི་ལོ་ ༢༠༡༨ ལོ་གཅིག་པུར་ལྷོ་བྱང་ཀོ་རི་ཡའི་ཆེས་མཐོའི་མགོ་འཁྲིད་བར་ཐེངས་གསུམ་རིང་ཐུག་འཕྲད་ཀྱིས་གྲོས་མོལ་མགོ་འཛུགས་བྱས་པ་དེས། ཀོ་རི་ཡ་མཚོ་གླིང་གི་གནད་དོན་ཞི་འཇགས་ཡོང་བཞིན་པའི་རེ་བ་ཆེན་པོ་མཐོང་ཡོད་ཀྱང་། འདས་ལོའི་ཨ་རིའི་སྲིད་འཛིན་ཊོམ་ཕུ་མཆོག་དང་བྱང་ཀོ་རི་ཡའི་ཀེམ་ཇོང་ཨན་གྱི་གྲོས་མོལ་དེ་ལེགས་གྲུབ་བྱུང་མེད་པའི་རྐྱེན་གྱིས། ལྷོ་བྱང་ཀོ་རི་ཡའི་འབྲེལ་ལམ་ཇེ་སྡུག་ཏུ་སོང་ཡོད་འདུག

དམག་དོན་གྱི་ཐོག་ནས་བཤད་ན་ཕྱི་ལོ་ ༡༩༥༠ ནས་ ༡༩༥༣ ལོའི་ཀོ་རི་ཡའི་དམག་འཁྲུག་བྱུང་རྗེས། ཀོ་རི་ཡའི་བར་མེ་མཚམས་ཙམ་ལས་ཞི་བདེའི་ཆིངས་ཡིག་བཞག་མེད་པར་བརྟེན། ལྷོ་བྱང་ཀོ་རི་ཡ་གཉིས་ད་དུང་དམག་འཐབ་ཀྱི་ཉེན་གནས་སུ་ཡོད་ཅིང་། ད་ལྟའི་ཆར་ལྷོ་བྱང་ཀོ་རི་ཡའི་ས་མཚམས་དེ་འཛམ་གླིང་སྟེང་གི་གོ་མཚོན་འགྲེམ་འཇོག་མང་ཤོས་ཀྱི་ས་ཁུལ་ཞིག་ཡིན་འདུག  ཉེ་བའི་ལོ་ཤས་རིང་བྱང་ཀོ་རི་ཡས་རང་གི་མགོ་ཐོག་ཏུ་ལྷུང་བའི་རྒྱལ་སྤྱིའི་དཔལ་འབྱོར་ཉེས་ཆད་དག་གུ་ཡངས་ཡོང་ཆེད། རྒྱལ་སྤྱིའི་འབྲེལ་ལམ་ཐད་ཤུགས་བརྒྱབ་ཡོད་ཀྱང་ད་བར་ལམ་ལྷོངས་དམིགས་བསལ་བྱུང་མེད། དབྱེ་ཞིབ་པ་འགས་འགྲེལ་བརྗོད་བྱས་དོན་ལྟར་ན། ད་ལྟ་འཛམ་གླིང་ཁྱོན་ཡོངས་སུ་རྒྱ་ནག་ཝུ་ཧན་ནས་མཆེད་པའི་ཏོག་དབྱིབས་ནད་ཡམས་ཀྱི་རྐྱེན་པས་དཔལ་འབྱོར་སོགས་གང་ཅིའི་ཐད་ནས་དོ་ཕོག་ཤུགས་ཆེར་ཐེབས་བཞིན་པ་ལྟར། བྱང་ཀོ་རི་ཡ་ལའང་དེར་མཚུངས་ཀྱི་ཤུགས་རྐྱེན་ལྡོག་མེད་ཡོང་གིན་པའི་རྒྱུ་མཚན་གྱིས། བྱང་ཀོ་རི་ཡས་ད་ཐེངས་ཀྱི་གནད་དོན་འདི་ཆེད་དུ་ཛ་དྲག་བཟོ་བཞིན་ཡོད་སྐོར་བརྗོད་ཡོད་འདུག

གསར་འགོད་པ། པ་སངས་ཚེ་རིང་།

བསྐྱར་བཅོས།: ༢༠༢༠/༠༦/༠༩

Leave a Reply