བོད་རིགས་དམར་ཤོག་ཚོགས་མི་ཞིག་ལ་ཆོས་ལ་དད་པ་བྱས་པའི་ཉེས་ཆད་ཕོག

རྒྱ་ནག་གཞུང་གིས་བོད་རང་སྐྱོང་ལྗོངས་ཡིག་ཚགས་ཁང་གི་མགོ་འཁྲིད་གཞོན་པ་བསོད་ནམས་རྒྱལ་གྱིས་ཆོས་ལུགས་ལ་དད་མོས་དང་ལྐོག་ཟ་རུངས་བྱས་ཡོད་པའི་ཉེན་མིང་འོག་དམར་ཤོག་གི་ཚོགས་ཁུངས་དང་ལས་གནས་ནས་ཕྱིར་འཕུད་བཏང་ཡོད་འདུག 

ཟླ་འདིའི་ཕྱི་ཚེས་ ༨ ཉིན། རྒྱ་ནག་གཞུང་འབྲེལ་བོད་ལྗོངས་ཉིན་རེའི་ཚགས་པར་ཁང་གིས་སྤེལ་བའི་གནས་ཚུལ་ལྟར་ན། བོད་རང་སྐྱོང་ལྗོངས་ཡིག་ཚགས་ཁང་གི་བོད་རིགས་མགོ་འཁྲིད་གཞོན་པ་བསོད་ནམས་རྒྱལ་ཟེར་བ་ཞིག་གིས། དམར་ཤོག་ཚོགས་པའི་ཕུགས་བསམ་དང་དད་སེམས་ཤོར་ནས་སྒྲིག་ཁྲིམས་དང་བཅའ་ཁྲིམས་ལ་བརྩི་སྲུང་མེད་པར། མི་སྒེར་གྱི་ངོས་ནས་ཆོས་ལ་དད་པ་བྱེད་པ་དང་། གཞུང་གི་རྒྱུ་ནོར་ལྐོག་ཟ་དང་སྒེར་གྱི་འབྲེལ་ཡོད་དོན་དངོས་གསང་བ་བྱས་རྐྱེན། དམར་ཤོག་གི་སྐྱིད་སྡུག་དང་ལས་གནས་ནས་ཕྱིར་འཕུད་དང་རྒྱུ་ནོར་ཚང་མ་གཞུང་བཞེས་གཏོང་རྒྱུའི་ཉེས་ཆད་བཅད་ཡོད་འདུག

དེ་འབྲེལ་གནས་ཚུལ་སྐོར་ལ་བོད་རང་སྐྱོང་ལྗོངས་སྒྲིག་ཁྲིམས་ཞིབ་བཤེར་ཁང་ཟེར་བས། བསོད་ནམས་རྒྱལ་གྱིས་སྒྲིག་ཁྲིམས་ལ་གཙི་སྲུང་མེད་པར་སྒེར་ངོས་ནས་ཆོས་ལ་དད་མོས་བྱེད་བཞིན་པ་མ་ཟད། རང་སྐྱོང་ལྗོངས་ཡིག་ཚགས་ཁང་གི་འགན་འཁུར་བའི་རིང་། དོ་དམ་བྱེད་པའི་སྡེ་ཚན་དང་གཤམ་འོག་གིས་སྒྲིག་འགལ་ངང་དཔེ་ཆ་པར་བརྒྱབ་ནས་བཙོང་པའི་གནད་དོན་ལ་དོ་དམ་མི་བྱེད་པ། འགན་འཁྲི་ཡག་པོ་མི་འཁུར་བ། སྒྲིག་འགལ་ངང་དངུལ་སྦས་པ་དང་གཞུང་དངུལ་བདག་བཟུང་བྱས་པ་མ་ཟད། དམག་ཤོག་གི་ཆབ་སྲིད་སྒྲིག་ཁྲིམས་དང་། རྩ་འཛུགས་ཀྱི་སྒྲིག་ཁྲིམས། ལས་ཀའི་སྒྲིག་ཁྲིམས།  འཚོ་བའི་སྒྲིག་ཁྲིམས་བཅས་ལས་ཚབས་ཆེན་འགལ་བས། ལས་ཐོག་ཁྲིམས་འགལ་གྱི་ཉེས་ཆད་བཅད་ཡོད་སྐོར་བརྗོད་འདུག

ཡང་གནས་ཚུལ་དེའི་ནང་མུ་མཐུད་བསོད་ནམས་རྒྱལ་གྱིས་ལྐོག་རྔན་བླངས་པ་དང་ལྐོག་ཟ་རུལ་སུངས་བྱས་པས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་ནས་མཚམས་དང་ཚོད་མི་བྱེད་པའི་ཁར།  ནག་ཉེས་ཀྱི་ངོ་བོ་ཐ་ཤལ་དང་གནས་ཚུལ་ཚབས་ལྕི་བར་བརྟེན། རྒྱ་ནག་དམར་ཤོག་ཚོགས་པའི་སྒྲིག་ཁྲིམས་ཆད་གཅོད་སྲོལ་ཡིག་དང་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ལྟ་ཞིབ་བཅའ་ཁྲིམས་སོགས་ཀྱི་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་། ཏང་གི་སྐྱིད་སྡུག་ནས་ཕྱིར་ཕུད་དང་གཞུང་གི་ལས་གནས་ནས་ཕྱིར་འབུད་གཏོང་རྒྱུ་མ་ཟད། ཁོང་གི་རྒྱུ་ནོར་ཚང་མ་གྱོད་གཞི་དང་མཉམ་དུ་གཞུང་ལ་རྩིས་སྤྲོད་རྒྱུའི་ཐག་བཅད་ཡོད་སྐོར་བཀོད་འདུག

རྒྱ་ནག་གཞུང་གིས་དེ་སྔ་ནས་གྲངས་ཉུང་མི་རིགས་ཁག་གི་མགོ་འཁྲིད་གཙོའི་དམར་ཤོག་ཚོགས་མི་ཚོས། ཆོས་ལུགས་ལ་དད་མོས་བྱེད་མི་ཆོག་པའི་གནས་ཚུལ་ཐད་དམ་དྲག་ཤུགས་ཆེར་བྱེད་བཞིན་ཡོད་པ་དང་། ཕྱི་ལོ་ ༢༠༡༨ དང་ ༢༠༡༩ གཉིས་སུ་བོད་ས་ཡོངས་སུ་ནག་འཇོམས་ངན་སེལ་ཟེར་བའི་ལས་འགུལ་དང་འབྲེལ། ཆོས་དད་བྱེད་མཁན་གྱི་ཏང་ཡོན་དང་ལས་བྱེད་ཚོ་ཡང་ནག་འཇོམས་ངན་སེལ་ལས་འགུལ་ནང་བཅུག་སྟེ། ཉེས་ཆད་གཅོད་པ་དང་ཏང་ནས་ཕུད་པ་སོགས་ཤུགས་ཆེར་བྱས་ཡོད་པ་དང་། སྔར་ལོའི་ལོ་ཕྱེད་ནང་བོད་རང་སྐྱོང་ལྗོངས་ནང་ཆོས་དད་བྱེད་མཁན་མི་གྲངས་ ༡༥༠ རྩད་ཆོད་དང་ཉེས་ཆད་བཅད་ཡོད་སྐོར་བསྒྲགས་ཡོད་པ་རེད།

རྒྱ་ནག་གཞུང་གིས་ཏང་ཡོན་ཚོས་ཆོས་དད་བྱེད་མི་ཆོག་པའི་ཁྲིམས་སྒྲིག་དེ་ཕྱི་ལོ་  ༡༩༩༡ ལོ་ནས་གཏན་འབེབ་བྱས་ཡོད་པ་དང་། ཕྱི་ལོ་ ༢༠༡༥ ལོའི་ཟླ་ ༥ ཚེས་ ༢༦ ཉིན། བྷེ་བྷེ་སི་གསར་ཁང་གིས་རྒྱ་ནག་གཞུང་གིས་ཏང་ཡོན་ཚོའི་ཆོས་དད་བྱེད་མི་ཆོག་ཁྲིམས་སྒྲིག་དང་འབྲེལ་དཔྱད་ཞིབ་རྩོམ་ཡིག་ཅིག་སྤེལ་བའི་ནང་། རྒྱ་ནག་གཞུང་གིས་དུས་ནས་དུས་སུ་ཆོས་ལུགས་ལ་དད་པ་ཡོད་པའི་གུང་ཁྲན་ཏང་ཡོན་གྱི་གནད་དོན་ཐག་གཅོད་འོས་འཚམས་བྱེད་ཐབས་སྐོར་གྱི་བརྡ་ཁྱབ་ཅིག་གཏོང་བཞིན་ཡོད་པ་ནི། གཙོ་བོ་བོད་དང་ཡུ་གུར་སོགས་གྲངས་ཉུང་མི་རིགས་ས་ཁུལ་དག་གི་ཆོས་ལུགས་ཀྱི་སྟོབས་ཤུགས་དང་བག་ཆགས་ཟབ་ས་དག་ལ་དམིགས་ཡོད་སྐོར་སྤེལ་ཡོད་པ་རེད།

སྔར་ལོའི་ཕྱི་ཟླ་ ༢ ནང་བོད་ཀྱི་རྒྱལ་ས་ལྷ་སར་ཚོགས་པའི་བོད་རང་སྐྱོང་ལྗོངས་བརྟན་ལྷིང་སྲུང་སྐྱོང་དང་བཀོད་འདོམས་ཟེར་བའི་སྟེང་། བོད་རང་སྐྱོང་ལྗོངས་དམར་ཤོག་ཚོགས་པའི་མགོ་འཁྲིད་ཡེ་ཤིན་ཟེར་བས་བོད་ནང་དུ་ངོ་གཉིས་ཅན་གྱི་མི་ཡོད་པ་དང་། དེ་དག་གིས་དམར་ཤོག་གཞུང་ལ་བློ་དཀར་ཡིན་ཚུལ་གྱིས་ལྐོག་ཏུ་ཏཱ་ལའི་ཁ་བྲལ་བ་དང་མཉམ་འབྲེལ་ལས་ཀ་བྱེད་ཀྱི་ཡོད་པས། དམར་ཤོག་ཆོས་ལུགས་ཆོ་ག་བྱེད་མཁན་དང་གཞུང་གི་ལམ་ལུགས་ལ་གཏོར་བཤིག་གཏོང་མཁན་ཚོར་ཉེས་ཆད་ལྕི་མོ་གཅོད་རྒྱུ་ཡིན་པའི་ཉེན་བརྡ་སོགས་བཏང་ཡོད་པ་རེད།

གསར་འགོད་པ། སངས་རྒྱས་དཀོན་མཆོག

བསྐྱར་བཅོས།: ༢༠༢༠/༠༦/༠༩

Leave a Reply