རྒྱ་གཞུང་གིས་ཨ་རིའི་གསར་ཁང་ཆེ་གྲས་རྣམས་ལ་སིམ་འཛུལ་བྱས།

རྒྱ་གཞུང་གིས་ཨ་རིའི་སྙན་གྲགས་ཅན་གྱི་གསར་ཁང་ཆེ་གྲས་ཁག་ཅིག་ལ་ཨ་སྒོར་ས་ཡ་མང་པོ་བཏང་སྟེ་དམར་ཤོག་ཚོགས་པའི་གནས་ཚུལ་དྲིལ་བསྒྲགས་བྱེད་དུ་བཅུག་ཡོད་འདུག

དེ་རིང་ཕྱི་ཚེས་ ༩ ཉིན་རྒྱ་གར་(Business Standard)གསར་ཁང་གིས་སྤེལ་བའི་གནས་ཚུལ་ལྟར་ན། ཨ་རིའི་ཁྲིམས་དོན་ལྷན་ཁང་གིས་ཆེད་དམིགས་ཨ་རིའི་ནང་གི་ཕྱིའི་གསར་ཁང་ཁག་གི་སྐོར་ལ་སྙན་ཐོ་ཞིག་བཏོན་པའི་ནང་། རྒྱ་ནག་གཞུང་གིས་དམར་ཤོག་ཚོགས་པའི་གཙོ་གཉེར་བྱེད་བཞིན་པའི་རྒྱ་ནག་ཉིན་རེའི་ཚགས་པར་བརྒྱུད། ཨ་རིའི་སྙན་གྲགས་ཅན་གྱི་གསར་ལམ་ཆེ་གྲས་ཁག་ལ་ཨ་སྒོར་ས་ཡ་མང་པོ་བཏང་སྟེ། དམར་ཤོག་ཚོགས་པའི་གནས་ཚུལ་དྲིལ་བསྒྲགས་དང་སྣང་བརྙན་ཡག་ཏུ་གཏོང་ཐབས་བྱེད་བཞིན་ཡོད་པ་ཤེས་རྟོགས་བྱུང་ཡོད་འདུག

དེ་འབྲེལ་སྙན་ཐོའི་ནང་བཀོད་པ་ལྟར་ན། ཕྱི་ལོ་ ༢༠༡༦ ནས་བཟུང་རྒྱ་ནག་ཉིན་རེའི་ཚགས་པར་གྱིས་ཨ་རིའི་ཝ་ཤིན་ཊོན་ཆ་འཕྲིན་ (Washington Post) ལ་ཁྱོན་ཨ་སྒོར་ས་ཡ་ ༤།༦ དང་། ཝོལ་སི་ཊི་རི་ཌི་ཆ་འཕྲིན་ (Wall Street Journal) ལ་ཁྱོན་ཨ་སྒོར་ས་ཡ་ ༦ འགྲོ་གྲོན་བཏང་སྟེ། ཨ་རིའི་གསར་ཁང་དེ་གཉིས་ནང་རྒྱ་ནག་ཉིན་རེའི་ཚགས་པར་གྱིས་ཆེད་འཛུགས་བྱས་པའི་རྒྱ་ནག་ལྟ་ཞིབ་ (China Watch) ཅེས་པའི་ལེ་ཚན་དེ་གསར་འགྱུར་གྱི་ངོ་བོའི་ཐོག་ནས་སྤེལ་བཅུག་སྟེ། རྒྱ་ནག་གཞུང་གི་སྐབས་དོན་རྒྱལ་སྤྱིའི་གནད་དོན་དང་འབྲེལ་བའི་དྲིལ་བསྒྲགས་ཁྱབ་སྤེལ་གཏོང་ཐབས་བྱས་ཡོད་འདུག

དེ་བཞིན་ཨ་རིའི་ནེའུ་ཡོག་དུས་བབ་ (New York Times) ནང་ཨ་སྒོར་ཁྲི་ ༥ དང་། ཕྱི་སྲིད་དུས་དེབ་ (Foreign Policy Magazine) ནང་ཨ་སྒོར་འབུམ་ ༢།༤ ཙམ། དེ་བཞིན་ཨ་རིའི་ཨ་ཡོ་ཝ་ (Iowa) མངའ་སྡེའི་ཌེ་སུ་མོའི་ནེ་སི་ཚགས་པར་ (The Des Moines Register) ནང་ཨ་སྒོར་ཁྲི་ ༣།༤༦ དང་། ཨ་རིའི་གྲོས་ཚོགས་སྐོར་གྱི་གནས་ཚུལ་འགོད་སྤེལ་བྱེད་མཁན་ (CQ Roll Call) གསར་ཁང་ལ་ཨ་སྒོར་ཁྲི་ ༧།༦ བཅས་ཀྱི་རིན་འབབ་ལྡན་པའི་གླ་ཡོད་གསལ་བསྒྲགས་བཏང་ཡོད་པ་མ་ཟད། ཁྱོན་ཡོངས་ནས་གསར་ཁང་དེས་རྒྱ་ནག་གཞུང་གི་གནས་ཚུལ་དྲིལ་བསྒྲགས་ཆེད་ཨ་རིའི་ཚགས་ཤོག་སྟེང་གསལ་བསྒྲགས་སྤེལ་ཆེད་ཁྱོན་ཨ་སྒོར་ ༡༡༠,༠༢,༦༢༨ འགྲོ་གྲོན་བཏང་ཡོད་པའི་ཐོག སྤྱི་ཚོགས་དྲ་ལམ་ཊི་ཝི་ཊར་ཆེད་ཨ་སྒོར་ ༢,༦༥,༨༢༢ འགྲོ་གྲོན་བཏང་ཡོད་འདུག

ཨ་རིའི་ཁྲིམས་དོན་ལྷན་ཁང་གིས་ལོ་ཤས་སྔོན་ནས་རྒྱ་ནག་ཉིན་རེའི་ཚགས་པར་ལ་ཨ་རིའི་ནང་གི་བྱེད་སྒོ་ཁག་གི་ལས་བསྡོམས་ཤིག་དགོས་པའི་བརྡ་སྦྱོར་བཏང་ཡོད་ནའང་། ཟླ་འདིའི་ཕྱི་ཚེས་ ༡ ཉིན་རྒྱ་གཞུང་གི་གསར་ཁང་དེས་ཕྱི་ལོ་ ༢༠༡༦ ཟླ་ ༡༡ ནས་འདི་ལོའི་ཕྱི་ཟླ་ ༥ བར་གྱི་འགྲོ་གྲོན་རྒྱས་པ་ཞིག་ཨ་རིའི་ཁྲིམས་དོན་ལྷན་ཁང་ལ་སྤྲད་ཡོད་པ་དང་། དེ་ནི་ད་བར་རྒྱ་ནག་གི་གསར་ཁང་དེས་ཨ་རིའི་གསར་ཁང་གཞན་དང་འབྲེལ་འགྲོ་གྲོན་ཅི་བཏང་གསལ་ཁ་བཏོན་པའི་སྙན་ཞུ་ཕུལ་བ་ཐོག་མ་དེ་ཆགས་ཡོད་སྐོར་བརྗོད་འདུག

འདི་ལོའི་ལོ་མགོར་ཏོག་དབྱིབས་ནད་ཡམས་འཛམ་གླིང་གང་སར་ཁྱབ་པ་ནས་བཟུང་། རྒྱ་ནག་གཞུང་གིས་ནད་ཡམས་དེའི་རྒྱུ་རྐྱེན་ཨ་རི་དང་ནུབ་ཕྱོགས་རྒྱལ་ཁབ་ཁག་ལ་ཡོད་སྐོར་གྱི་བསྙོན་འཛུགས་བྱས་ཡོད་པ་དང་། སྐབས་དེར་རྒྱ་ནག་གི་གཞུང་འབྲེལ་གསར་ཁང་ཁག་གིས་རྒྱ་ནག་དམར་ཤོག་གཞུང་གི་དྲིལ་བསྒྲགས་ཁྱབ་སྤེལ་ཤུགས་ཆེན་བྱས་ཡོད་པ་མ་ཟད། རྒྱ་ནག་ཉིན་རེའི་ཚགས་པར་གྱིས་ཀྱང་གཅིག་མཚུངས་ཀྱི་དྲིལ་བསྒྲགས་ཁྱབ་སྤེལ་གྱི་བྱ་འགུལ་ནང་མཉམ་ཞུགས་བྱས་ཡོད་ན་ཡང་། ཏོག་ནད་དང་འབྲེལ་ཨ་རིའི་གསར་ཁང་ཁག་གིས་རྒྱ་ནག་ལ་ཆེད་དམིགས་གནས་ཚུལ་སྤེལ་བར་བརྟེན། འདས་པའི་ཟླ་ཤས་ནས་བཟུང་རྒྱ་ནག་གཞུང་གིས་ཨ་རིའི་ཝོལ་སི་ཊི་རི་ཌི་ཆ་འཕྲིན་ (Wall Street Journal) ནང་དྲིལ་བསྒྲགས་ཀྱི་འགྲོ་གྲོན་ཉུང་དུ་བཏང་སྟེ། འདས་པའི་ལོ་བཞི་རིང་གི་ཆ་སྙོམ་གྱི་འགྲོ་གྲོན་ལས་ཀྱང་ཉུང་བ་ཡོད་སྐོར་བཀོད་འདུག

འདི་ལོའི་ཕྱི་ཟླ་ ༢ ནང་ཨ་རིའི་ (The Wall Street Journal) གསར་ཁང་གི་དྲ་ཐོག་ཏུ། རྒྱ་ནག་ནི་ཨེ་ཤ་ཡའི་ནད་པ་ངོ་མ་དེ་ཡིན་ཞེས་པའི་རྩོམ་ཡིག་ཞིག་སྤེལ་བར་བརྟེན། རྒྱ་ནག་གཞུང་གིས་རྩོམ་ཡིག་དེ་ནི་མི་རིགས་དབྱེ་འབྱེད་ཅན་ཞིག་དང་རྒྱ་ནག་མི་མང་གི་སེམས་ཁམས་ལ་ཕོག་ཐུག་བཟོས་ཡོད་པ། རྒྱ་ནག་གཞུང་གི་ནད་ཡམས་འགོག་པར་འབད་བརྩོན་བྱས་པར་སྐུར་འདེབས་བྱས་ཚུལ་བརྗོད་དེ་གསར་ཁང་དེས་རྒྱ་ནག་ལ་དགོངས་སེལ་ཞུ་དགོས་པ་བརྗོད་ཡོད་ནའང་། དགོངས་སེལ་མ་ཞུས་སྟབས། ཟླ་དེའི་ཕྱི་ཚེས་ ༡༩ ཉིན་རྒྱ་ནག་ཕྱི་སྲིད་ལྷན་ཁང་གིས་ཨ་རིའི་མི་སེར་གཉིས་ཚུད་པའི་གསར་ཁང་དེའི་གསར་འགོད་པ་གསུམ་ཕྱིར་འཕུད་བཏང་ཡོད་ཅིང་། དེ་ལན་དུ་འདི་ལོ་ཕྱི་ཟླ་ ༣ ནང་ཨ་རིའི་ཕྱི་སྲིད་ལྷན་ཁང་ནས་ཨ་རིའི་ནང་གི་རྒྱ་ནག་ཤིན་ཧྭ་གསར་ཁང་དང་ཉིན་རེའི་ཚགས་པར་ཚུད་པའི་རྒྱ་ནག་གཞུང་འབྲེལ་གསར་ཁང་ཁག་ལྔ་ཡི་ལས་བྱེད་གྲངས་ ༡༦༠ ཡོད་པ་དེ་ ༡༠༠ ལ་ཉུང་དུ་གཏོང་དགོས་པའི་བཀའ་ཁྱབ་བཏང་སྟེ། ཕྱོགས་གཉིས་ཀྱི་གསར་ཁང་ཁག་ལ་དམ་དྲག་དང་ཚོད་འཛིན་བྱེད་མགོ་བརྩམས་ཡོད་པ་རེད།

གསར་འགོད་པ། ཀླུ་མགོན་ཐར།

བསྐྱར་བཅོས།: ༢༠༢༠/༠༦/༠༩

Leave a Reply

2 thoughts on “རྒྱ་གཞུང་གིས་ཨ་རིའི་གསར་ཁང་ཆེ་གྲས་རྣམས་ལ་སིམ་འཛུལ་བྱས།

  1. Good Very Good 👍 😂 😂 😂 😅 Very Nice 👍 Game. རྒྱ་དམར་གླན་ལྐུག་ཚོ་གང་འདྲ་འཇོན་པོ་འདུག མཉམ་འབྲེལ་འཕྲོད་བསྟེན་ཞལ་འདེབས་ལས་ ཨ་རི་ཚག་པར་ལ་ འགྲོ་གྲོན་མང་བ་ 😂 😂 😂 😅 ཨ་ ཧི ཧི ཧི ཧི ཧི