༧གོང་ས་མཆོག་གི་གསུང་དབྱངས་རོལ་མོར་སྦྱར་བའི་ཆེད་སྒྲིག་ཐོག་མ་འགྲེམས་སྤེལ་གནང་འཆར་འདུག

ནེའུ་ཛི་ལན་ཌིའི་རོལ་དབྱངས་བཟོ་སྐྲུན་པ་ཁྱོ་ཤུག་གཉིས་ཀྱིས་༧གོང་ས་མཆོག་གི་གསུང་ཆོས་དང་གཟུངས་སྔགས་མང་པོ་ཞིག་རོལ་དབྱངས་ལ་སྦྱར་བའི་ཆེད་སྒྲིག་སྒྲ་ཐག་༼ནང་སེམས་ཀྱི་འཇིག་རྟེན༽་ཞུ་བ་ཞིག་འདི་ལོའི་འཁྲུངས་སྐར་དང་བསྟུན་དབུ་འབྱེད་གནང་རྒྱུ་ཡིན་འདུག ཁ་སང་ཕྱི་ཚེས་ ༩ ཉིན། ཨ་རིའི་(Albuquerque Journal)ཚགས་པར་གྱིས་སྤེལ་བའི་གནས་ཚུལ་ལྟར་ན། ནེའུ་ཛི་ལན་ཌིའི་རོལ་དབྱངས་བཟོ་སྐྲུན་པ་ལྕམ་རྗོ་ནེ་ལའེ་ཁའོ་ནཱན(JunelleKunin)ལགས་ཀྱིས། ལོ་ངོ་ ༥ གོང་དུ་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གསུང་དབྱངས་རོལ་མོར་སྦྱར་བའི་ཆེད་སྒྲིག་སྒྲ་ཐག་ནང་སེམས་ཀྱི་འཇིག་རྟེན་ཞུ་བ་ཞིག་སྒྲིག་བཟོ་ཞུས་ཏེ། འདི་ལོའི་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་དགུང་གྲངས་ ༨༥ བཞེས་པའི་འཁྲུངས་སྐར་དང་བསྟུན་འགྲེམས་སྤེལ་ཞུ་འཆར་ཡོད་པ་དང་།  སྒྲ་ཐག་དེའི་ནང་གི་གསུང་དབྱངས་ལེགས་ཤོས་སུ་ངོས་འཛིན་ཞུས་པའི་འཕགས་པ་སྤྱན་རས་གཟིགས་ཞེས་པ་དེ་ཟླ་འདིའི་ཕྱི་ཚེས་ ༨ ཉིན་དྲ་ལམ་ཁག་ཏུ་འགྲེམས་སྤེལ་གནང་འདུག

དེ་འབྲེལ་གནས་ཚུལ་ནང་། ལྕམ་རྗོ་ནེ་ལའེ་ཡིས་ནེའུ་ཛི་ལན་ཌིའི་དངུལ་ཁང་དུ་ཕྱག་ལས་གནང་སྐབས་གནོན་ཤུགས་ཆེན་པོ་ཡོད་པས། ཁོང་མོས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་བཀའ་སློབ་རོལ་དབྱངས་མཉམ་དུ་ཡོད་པ་ཞིག་བཙལ་ནས་རང་ཉིད་ལྷོད་ལ་འབབ་ཏུ་འཇུག་བསམ་ཡོད་ཀྱང་། དེ་ལྟ་བུའི་བཀའ་སློབ་རོལ་དབྱངས་མཉམ་དུ་ཡོད་པ་ཞིག་མ་རྙེད་སྟབས། ཁོང་མོས་དགའ་ལྡན་ཕོ་བྲང་ལ་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་གསུང་ཆོས་དང་གཟུངས་སྔགས་རྣམས་རོལ་དབྱངས་ལ་སྦྱར་ཏེ་སྒྲ་ཐག་བཟོ་བར་བཀའ་འཁྲོལ་ཞུས་ཡོད་ཀྱང་། སྐབས་དེར་ཕོ་བྲང་ནས་བཀའ་འཁྲོལ་ཐོབ་མེད་འདུག ཕྱིས་སུ་ཁོང་མོ་དངོས་སུ་རྒྱ་གར་ལ་ཡོང་སྟེ། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་མདུན་དུ་ཆེད་བཅར་གྱིས་སྒྲ་ཕབ་ཞུས་ཡོད་འདུག

ཡང་གནས་ཚུལ་དེའི་ནང་ལྕམ་རྗོ་ནེ་ལའེ་དེ་སྔ་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་མཇལ་ཁ་ཞུ་སྐབས་༧གོང་ས་མཆོག་གིས་རོལ་དབྱངས་སྐོར་གསུངས་པ་ཞིག་ཕྱིར་དྲན་གྱིས་བརྗོད་དོན། ངས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་གཏན་ནས་གསུང་བཤད་འདི་ལྟར་གནང་བ་གོ་མ་མྱོང་། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་རོལ་མོ་ལ་ཐུགས་མཉེས་ཞེ་དྲགས་ཡོད་པ་དང་།  ཁོང་ཉིད་ཀྱིས་རོལ་དབྱངས་ཀྱི་གལ་གནད་སྐོར་གསུང་ཞོར་དུ།  ཁོང་གི་སྐུ་གཟུགས་མདུན་དུ་ཕྱོགས་ཏེ་སྤྱན་འོད་ཆེམ་ཆེམ་དུ་འཕྲོ་ཞིང་། ཕྱག་མཛུབ་རྣམས་ཀྱིས་གཡོ་འགུལ་བྱེད་ཞོར་རོལ་དབྱངས་ཀྱིས་མི་རྣམས་ལ་རོགས་རམ་བྱེད་ཐུབ་པ་མ་ཟད། རོལ་དབྱངས་ཀྱི་འགྱུར་འགྲོས་ལ་བརྟེན་ནས་ང་ཚོ་རང་ཉིད་ཀྱི་རང་བྱུང་གི་སེམས་གཤིས་དང་སེམས་པ་ཡག་པོའི་གནས་སུ་ཕྱིར་ལོག་ཐུབ་སྐོར་སོགས་གསུངས་བྱུང་ཞེས་བརྗོད་འདུག

གསུང་དབྱངས་སྒྲ་ཐག་དེའི་ནང་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་ཤེས་རབ་དང་སྙིང་རྗེ། བློ་སྤོབས། སེམས་ཁམས་གསོ་ཐབས། བྱིས་པ་ལ་ཆེད་དམིགས་ཀྱིས་ནང་པ་སངས་རྒྱས་པའི་སྐྱེས་ཆེན་བདུན་གྱི་གསོལ་འདེབས་བསྟོད་དབྱངས་སོགས་གསུངས་ཡོད་པ་དང་། ལྕམ་རྗོ་ནེ་ལའེ་ལགས་ཀྱིས་སྒྲ་ཐག་དེ་ལྟ་བུ་ཞིག་འདོན་དགོས་དོན་ནི། ནང་པ་དང་ཆོས་ལུགས་ཀྱི་ལས་འཆར་དེ་འདྲ་མིན་པར། ད་ལྟའི་སྤྱི་ཚོགས་ཁྱོན་ཡོངས་ཀྱི་དཀའ་ཁག་ཆེ་བའི་དུས་ཚོད་འདི་ལྟ་བུར། རང་ཉིད་དང་འདྲ་བའི་མི་མང་དཀྱུས་མ་ཚོའི་ཆེད་དུ་ཡིན་སྐོར་བརྗོད་ཡོད་པ་མ་ཟད། སྒྲ་ཐག་གི་ཡོང་འབབ་ཚང་མ་སེམས་དང་སྲོག་གི་བགྲོ་གླེང་ཚོགས་པ་དང་། སི་ཤེས་ཡོན་སློབ་གཉེར་(SEE Learning)ལས་འཆར་དང་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་དང་ཨེ་མོ་རི་གཙུག་ལག་སློབ་གཉེར་ཁང་གིས་རྒྱལ་སྤྱིའི་ཤེས་ཡོན་ལས་འཆར་སོགས་ཀྱི་ཆེད་དུ་གཏོང་རྒྱུ་ཡིན་འདུག

ཐེངས་འདིའི་གསུང་དབྱངས་སྒྲ་ཐག་དེ་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་ཞལ་ནས་གསུངས་པའི་གསུང་ཆོས་དང་གཟུངས་སྔགས་སོགས་རོལ་དབྱངས་དང་སྦྱར་ནས་ཆེད་འགྲེམས་ཞུས་པ་ཐོག་མ་དེ་ཆགས་ཡོད་འདུག་ལ། གསུང་དབྱངས་སྒྲ་ཐག་དེའི་ནང་ཁྱོན་གསུང་དབྱངས་ལེའུ་ ༡༡ ཡོད་འདུག  སྒྲ་ཐག་དེའི་རོལ་དབྱངས་བཟོ་སྐྲུན་པ་གཙོ་བོ་ལྕམ་རྗོ་ནེ་ལའེ་དང་ཁོང་གི་བཟའ་ཟླ་གཉིས་ཡིན་པ་དང། དེ་དང་མཉམ་དུ་རོལ་མོ་བ་གཞན་དག་ཁ་ཤས་ཀྱང་ཆེད་དུ་གདན་འདྲེན་ཞུས་ཏེ་བཟོ་སྒྲིག་རོགས་རམ་བྱེད་དུ་བཅུག་ཡོད་པ་དང་། ཁོང་ཁྱོ་ཤུག་གཉིས་ཀྱིས་འདས་པའི་ལོ་ངོ་ ༥ ཡི་རིང་རོལ་དབྱངས་སྒྲིག་བཟོ་བྱས་ཡོད་པ་དང་། རོལ་དབྱངས་བཟོ་སྐྲུན་བྱེད་བཞིན་པའི་སྐབས་ལྕམ་རྗོ་ནེ་ལའེ་ཡི་ཨ་མར་ན་ཚ་ཞིག་བྱུང་སྟེ་ཡུན་རིང་སྨན་ཁང་དུ་ཉལ་དགོས་བྱུང་བ་དང་། དེ་བཞིན་ཁོང་མོའི་བཟའ་ཟླའི་ཚ་བོ་འདས་གྲོངས་སུ་སོང་བ་མ་ཟད། ཏོག་དབྱིབས་རིམས་ནད་རྐྱེན་གྱིས་ཚ་བོར་དུར་མཆོད་སོགས་མ་ཐུབ་པས་སྒྲ་ཐག་ནང་གི་གསུང་དབྱངས་མཐའ་མ་དེ་ཁོང་མོའི་ཚ་བོའི་ཆེད་དུ་ཕུལ་བ་ཡིན་སྐོར་བརྗོད་འདུག

གསར་འགོད་པ། སངས་རྒྱས་དཀོན་མཆོག

བསྐྱར་བཅོས།: ༢༠༢༠/༠༦/༡༠

Leave a Reply