ལྡི་ལིར་ནད་པ་མང་དྲགས་ཏེ་ཉལ་ཁྲི་འདང་གི་མེད་འདུག

རྒྱ་གར་ནང་ཁྱིམ་སྡོད་བཀའ་རྒྱ་གུ་ཡངས་སུ་བཏང་རྗེས་ཏོག་དབྱིབས་ནད་པའི་གྲངས་འབོར་མགྱོགས་མྱུར་ངང་འཕར་བཞིན་འདུག

རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་ཐོན་པ་ལྟར་ན། ཟླ་འདིའི་ཕྱི་ཚེས་ ༡ ཉིན་ནས་བཟུང་རྒྱ་གར་ནང་ཁྱིམ་སྡོད་བཀའ་རྒྱ་གུ་ཡངས་སུ་བཏང་བར་བརྟེན། ཁ་སང་དེ་རིང་རྒྱ་གར་ནང་གི་ཏོག་དབྱིབས་ནད་པའི་གྲངས་འབོར་ཧ་ཅང་ཇེ་མང་སོང་སྟེ། འཛམ་གླིང་གི་ཏོག་དབྱིབས་ནད་པ་མང་ཤོས་ཨང་ ༥ པར་གྱུར་ཡོད་པ་དང་། རྒྱ་གར་རྒྱལ་ས་ལྡི་ལི་རུ་ནད་པ་མང་དྲགས་ཏེ་སྨན་ཁང་དུ་ཉལ་ཁྲི་མ་རག་པར་སྨན་ཁང་ཕྱི་རོལ་ནས་འདས་གྲོངས་སུ་འགྲོ་ཡི་ཡོད་པ་སོགས་ཀྱི་དཀའ་ངལ་འཕྲད་བཞིན་ཡོད་འདུག

རྒྱ་གར་འཕྲོད་བསྟེན་བློན་ཆེན་ལས་ཁུངས་ཀྱིས། ནུབ་ཕྱོགས་རྒྱལ་ཁབ་ཁག་ལ་འཕྲད་པའི་དཀའ་ངལ་ནང་ལྟར། ད་ལྟ་རྒྱ་གར་གྱི་ཏོག་དབྱིབས་ནད་པའི་གྲངས་འབོར་ཇེ་མང་དུ་ཕྱིན་པ་དང་ལྷན་དུ་འདས་གྲོངས་སུ་འགྲོ་མཁན་མང་པོ་ཡོང་གི་འདུག དེར་བརྟེན། ང་ཚོའི་འཕྲོད་བསྟེན་སྒྲིག་འཛུགས་ཀྱིས་ཏོག་དབྱིབས་ལ་གདོང་ལེན་བྱེད་མི་ཐུབ་པ་ནི་དངོས་ཡོད་གནས་སྟངས་ཡིན་སྲིད་པ་ཞིག་རེད་འདུག ཅེས་བརྗོད་ཡོད་པ་རེད།

ཁ་སང་རྒྱལ་ས་ལྡི་ལིའི་སྤྱི་ཁྱབ་བློན་ཆེན་གཞོན་པ་མཱ་ནེ་ཤི་སི་སོ་ཌ་ཡ་(Manish Sisodia)ལགས་ཀྱིས། ཕྱི་ཟླ་ ༧ པའི་ཟླ་མཇུག་ཏུ་རྒྱལ་ས་ལྡི་ལིའི་ཏོག་དབྱིབས་ནད་པའི་གྲངས་འབོར་ས་ཡ་ཕྱེད་ཀ་ལས་བརྒལ་རྒྱུ་ཡིན་པ་དང་། སྐབས་དེར་ལྡི་ལིའི་སྨན་ཁང་ཁག་ལ་ནད་པ་འབོར་ཆེན་དེ་འདྲར་གདོང་ལེན་བྱེད་པའི་ཤོང་ཚད་མེད། ཅེས་བརྗོད་ཡོད་པ་དང་། ད་ལྟ་རྒྱལ་ས་ལྡི་ལི་རུ་ཏོག་དབྱིབས་ནད་པ་ཁྱོན་ ༢༩༠༠༠༠ ཙམ་ཡོད་པ་དང་ཉིན་རེར་ཉུང་མཐར་ནད་པ་གསར་པ་ ༡༠༠༠ ཙམ་རེ་འཕར་བཞིན་ཡོད་འདུག

ཁ་སང་ལྡི་ལི་གཞུང་གི་གནས་ཚུལ་ལྟར་ན། ད་ལྟ་ལྡི་ལིའི་མི་མང་ས་ཡ་ ༢༠ ལྷག་ལ་གཞུང་གི་མིང་ཐོའི་འོག་ཡོད་པའི་སྨན་ཁང་ ༩༦ ཡོད་པ་དང་། སྨན་ཁང་དེ་དག་ནང་ཏོག་དབྱིབས་ནད་པའི་ཉལ་ཁྲི་ ༨༨༡༤ ཙམ་ཡོད་པའི་ཁྲོད། མང་ཆེ་བ་ནད་པས་ཁེངས་ཡོད་སྟབས། ཁྱིམ་སྡོད་བཀའ་རྒྱ་གྲོལ་བ་དང་ནད་པའི་གྲངས་འབོར་ཇེ་མང་དུ་འགྲོ་བཞིན་པའི་སྐབས་འདིར་ལྡི་ལིའི་སྨན་ཁང་ཁག་གིས་ནད་པ་གསར་པ་མང་པོ་ཞིག་ལ་སྨན་བཅོས་མཐུན་སྦྱོར་བྱེད་ཐུབ་ཀྱི་མེད་ལ། རྒྱ་གར་གྱི་གྲོས་ཚོགས་འཐུས་མི་ཏི་ཝ་རེ་ (Manish Tewari) ལགས་ཀྱིས། ལྡི་ལིའི་འཕྲོད་བསྟེན་ལམ་ལུགས་ཞིག་རལ་ཏུ་ཕྱིན་ཡོད། ཅེས་འདུག

ལྡི་ལི་གཙུག་ལག་སློབ་གྲྭ་ཆེན་མོའི་སློབ་མ་ཨེ་ནི་ཁེ་ཊི་གྷོ་ཡལ(Aniket Goyal)ལགས་ཀྱིས། ངའི་པ་ལགས་ཏོག་དབྱིབས་གཉན་རིམས་ན་སྟེ། ལྡི་ལིའི་གཞུང་སྒེར་གཉིས་ཀྱི་སྨན་ཁང་ཁག་ཏུ་ཕྱིན་ཡང་གཅིག་གིས་ཀྱང་ངོས་ལེན་བྱས་མ་སོང་བས། ང་ཚོ་ཅི་བྱ་གཏོལ་མེད་དུ་གྱུར་ཏེ། པ་ལགས་ནང་མི་ཚང་མའི་མིག་མདུན་ནས་ཚེ་ལས་འདས་སོང་། ཞེས་བརྗོད་འདུག

རྒྱ་གར་གཞུང་གི་ཏོག་དབྱིབས་ནད་པའི་གྲངས་འབོར་ལྟར་ན། ད་བར་རྒྱ་གར་ནང་ཏོག་དབྱིབས་ནད་པ་ཁྱོན་ ༢༧༦༥༨༢ བྱུང་ཡོད་པ་དང་། དེའི་ཁྲོད་ཀྱི་མི་གྲངས་ ༡༣༥༢༠༥ ཙམ་དྲག་སྐྱེད་བྱུང་བ་དང་། མི་གྲངས་ ༧༧༤༥  འདས་གྲོངས་སུ་ཕྱིན་ཡོད་འདུག བཙན་བྱོལ་བོད་མིའི་ལྟེ་གནས་སུ་གྱུར་བའི་རྒྱ་གར་བྱང་ཕྱོགས་ཧི་མ་ཅལ་མངའ་སྡེའི་ནང་ད་བར་ནད་པ་ཁྱོན་ ༤༤༥ བྱུང་བ་ལས། ནད་པ་ ༢༤༩ དྲག་སྐྱེད་དང་ནད་པ་ ༥ འདས་གྲོངས་སུ་ཕྱིན།

རྒྱ་གར་གྱི་ནད་པ་མང་ཤོས་མཱ་ཧ་རཱ་ཤི་ཊི་རཱའི་(Maharashtra) ནང་ཏོག་དབྱིབས་ནད་པ་ཁྱོན་ ༩༠༧༨༧ བྱུང་ཡོད་པ་དང་། དམིགས་བསལ་མངའ་སྡེ་དེའི་རྒྱལ་ས་མོན་བྷེའི་ནང་ཉིན་རེར་ཏོག་དབྱིབས་ནད་པའི་གྲངས་འབོར་ལྡབ་འགྱུར་གྱིས་འཕར་བཞིན་ཡོད་འདུག

གཞན་ཡང་ཕྱི་ཚེས་ ༨ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས། བཙན་བྱོལ་ནང་ཏོག་དབྱིབས་གཉན་རིམས་འགོག་སྲུང་དང་འབྲེལ། བོད་མི་སུ་འདྲ་ཞིག་རྒྱ་གར་གྱི་ས་གནས་གང་དུ་བཞུགས་ཡོད་ཀྱང་ད་ལྟའི་ཛ་དྲག་གི་དུས་སྐབས་འདིར་རང་གནས་སུ་བཞུགས་དགོས་པ་ལས་འགྲོ་སྐྱོད་རིགས་རྩ་བ་ཉིད་ནས་མི་གནང་བའི་འབད་བརྩོན་གནང་རོགས། ཞེས་འབོད་སྐུལ་གནང་འདུག་པ་དང་། ད་བར་རྒྱ་གར་དང་བལ་ཡུལ་ནང་བོད་མི་ ༡༣ ལ་ཏོག་དབྱིབས་གཉན་རིམས་ཕོག་པའི་ཁྲོད། མི་ ༡ རྐྱེན་འདས་དང་། མི་ ༤ དྲག་སྐྱེད་བྱུང་སྟེ། ད་ལྟ་རྒྱ་བལ་གཉིས་ནང་བོད་མི་ཏོག་དབྱིབས་ནད་པ་ཉུང་མཐར་ ༨ ཡོད་འདུག

རྒྱ་གར་ནང་ཏོག་དབྱིབས་གཉན་རིམས་འགོས་ཁྱབ་འགོག་སྲུང་སླད། འདི་ལོའི་ཕྱི་ཟླ་ ༣ ཚེས་ ༢༤ ཉིན་ནས་ཁྱིམ་སྡོད་བཀའ་རྒྱ་ཐོག་དང་པོ་ཉིན་ ༢༡ རིང་སྤེལ་ཡོད་པ་དང་། ཁྱིམ་སྡོད་བཀའ་རྒྱ་ཐེངས་གཉིས་པ་དེ་ཕྱི་ཟླ་ ༤ ཚེས་ ༡༥ ཉིན་ནས་ ༥ ཚེས་ ༣ སྤེལ། བཀའ་རྒྱ་ཐེངས་གསུམ་པ་ཕྱི་ཟླ་ ༥ ཚེས་ ༤ ནས་ཚེས་ ༡༧ བར་སྤེལ། དེ་བཞིན། བཀའ་རྒྱ་ཐེངས་བཞི་བ་དེ་ཟླ་ ༥ ཚེས་ ༡༥ ནས་ཚེས་ ༣༡ སྤེལ་ཡོད་པ་དང་། བཀའ་རྒྱ་ཐེངས་ལྔ་བ་ནི་དམར་རྟགས་ཅན་གྱི་ས་ཁོངས་སུ་བཏང་སྟེ། ཟླ་འདིའི་མཇུག་ཏུ་བཀའ་རྒྱ་མཚམས་འཇོག་རྒྱུ་བྱས་ཡོད་འདུག

གསར་འགོད་པ། སྐལ་བཟང་སྦྱིན་པ།

བསྐྱར་བཅོས།: ༢༠༢༠/༠༦/༡༠

Leave a Reply