ཨེ་ཤ་ཡའི་མི་རིགས་ལ་དབྱེ་འབྱེད་བྱེད་བཞིན་པ་ནི་རྫུན་བསྒྲགས་རེད།

རྒྱ་ནག་གཞུང་གིས་ཨོ་གླིང་ནང་ཏོག་ནད་སྔོན་འགོག་ཐུབ་མེད་པ་དང་ཨེ་ཤ་ཡའི་ཚོར་མི་རིགས་དབྱེ་འབྱེད་ཡོད་པའི་ཉེན་བརྡ་བཏང་བར་ཨོ་གླིང་ཤེས་རིག་ལྷན་ཁང་དང་མཐོ་སློབ་ཁག་བརྒྱད་ནས་ཡ་ལན་བསྒྲགས་གཏམ་སྤེལ་འདུག

དེ་རིང་ཕྱི་ཚེས་ ༡༠ ཉིན། ཨོ་གླིང་གི་ཤེས་ཡོན་ལྷན་ཁང་དང་ཨོ་གླིང་གི་མཐོ་སློབ་རྩེད་ཕུད་བརྒྱད་ཀྱིས་བསྒྲགས་གཏམ་ཞིག་སྤེལ་ཏེ། རྒྱ་ནག་གཞུང་གིས་ཏོག་དབྱིབས་ནད་ཡམས་ཁྱབ་བརྡལ་གྱི་དུས་སྐབས་སུ་ཨོ་གླིང་ནང་ཨ་ཤ་ཡའི་སློབ་མར་མི་རིགས་དབྱེ་འབྱེད་ཀྱི་ཉེན་ཁ་ཆེ་ཚུལ་བརྗོད་པ་དེ་ནི་གཞི་མེད་སྐྱོན་བརྗོད་ཡིན་པ་དང་། སློབ་གསོའི་ལམ་ལུགས་ཆབ་སྲིད་ཀྱི་ལག་ཆར་སྤྱོད་པ་ནི་བློ་འཚབ་ཅན་ཞིག་ཡིན་སྐོར་བརྗོད་འདུག

ཨོ་གླིང་གི་ཤེས་ཡོན་ལྷན་ཁང་གིས་སྤེལ་བའི་བསྒྲགས་གཏམ་ནང་། ང་ཚོས་རྒྱ་ནག་གཞུང་གི་གཞི་རྩ་མེད་པའི་བསྒྲགས་གཏམ་དེ་ལ་ངོ་རྒོལ་བྱེད་ཀྱི་ཡོད། ཨོ་གླིང་ནི་འཛམ་གླིང་གི་ཏོག་དབྱིབས་ནད་ཡམས་འགོག་བཅོས་བྱེད་པར་སྣེ་ཁྲིད་བྱེད་ཀྱི་ཡོད་པ་དང་། འཕྲོད་བསྟེན་གྱི་ལམ་སྟོན་བྱུང་མཚམས་ང་ཚོས་ཕྱི་མི་རྣམས་ལ་སྣེ་ལེན་བྱ་རྒྱུ་ཡིན། ཨོ་གླིང་ནི་འཛམ་གླིང་གི་རིག་གཞུང་སྣ་མང་འཛོམས་ཤིང་གནས་སྤོ་བ་མང་བའི་སྤྱི་ཚོགས་གྲུབ་འབྲས་ལྡན་ཤོས་དེ་ཡིན་པ་མ་ཟད། འཛམ་གླིང་གི་ཚད་མཐོ་བའི་ཤེས་ཡོན་སློབ་གསོ་སྤྲོད་སའི་གནས་ཤིག་ཏུ་གྱུར་ཡོད་པ་དང་། ཨོ་གླིང་གི་རྒྱ་རིགས་སྤྱི་ཚོགས་ནི་གྲུབ་འབྲས་དེར་ནུས་བ་སྤུངས་མཁན་གལ་ཆེན་ཞིག་ཡིན། ཅེས་རྒྱ་ནག་གཞུང་གི་བསྒྲགས་གཏམ་དེ་ནི་རྫུན་མ་ཞིག་ཡིན་པ་བརྗོད་འདུག

དེ་བཞིན་ཨོ་གླིང་གི་མཐོ་སློབ་ཁག་བརྒྱད་ཀྱི་བསྒྲགས་གཏམ་ནང་། ང་ཚོས་ཨོ་གླིང་བཅའ་སྡོད་རྒྱ་ནག་གཞུང་ཚབ་ཁང་ལ་རྒྱ་ནག་གི་སློབ་མར་དཀའ་ངལ་དེའི་རིགས་འཕྲད་ཀྱི་ཡོད་མེད་ཐད་སྐད་ཆ་དྲིས་པ་ཡིན། རྒྱུ་མཚན་ནི། གལ་སྲིད་གནད་དོན་དེ་འདྲའི་རིགས་ཡོད་ཚེ། ང་ཚོས་མཉམ་འབྲེལ་གྱིས་སེལ་ཐུབ་དགོས་པ་རེད། འོན་ཀྱང་ཁོང་ཚོས་ང་ཚོར་གནད་དོན་དེ་འདྲ་གང་ཡང་བྱུང་མེད་སྐོར་བརྗོད་བྱུང་། ཆབ་སྲིད་ཀྱི་རྩེད་མོའི་ནང་རྒྱལ་སྤྱིའི་སློབ་གསོའི་ལམ་ལུགས་དང་རྒྱ་རིགས་སློབ་མ་དྲུད་ཡོང་དུས་བློ་འཚབ་སྐྱེ་བ་ཞིག་རེད། ཅེས་བརྗོད་འདུག

གནད་དོན་དེ་གཙོ་བོ་ཁ་སང་ཕྱི་ཚེས་ ༩ ཉིན་རྒྱ་ནག་ནོར་སྲིད་ལྷན་ཁང་གིས། ཨོ་གླིང་ནང་ཏོག་དབྱིབས་ནད་ཡམས་སྟངས་འཛིན་ཡག་པོ་བྱུང་མེད་པ་དང་། ནད་ཡམས་ཁྱབ་བརྡལ་གྱི་དུས་སྐབས་སུ། ཨེ་ཤ་ཡའི་མི་རིགས་དང་འབྲེལ་ཨོ་གླིང་ནང་མི་རིགས་དབྱེ་འབྱེད་ཀྱི་དོན་རྐྱེན་མང་པོ་བྱུང་ཡོད་པས། ཨོ་གླིང་དུ་སོང་ནས་སློབ་སྦྱོང་བྱེད་པར་ངེས་པར་དུ་གཟབ་ནན་གྱིས་ཐག་གཅོད་བྱེད་དགོས། ཅེས་དང་། རྒྱ་ནག་གཞུང་འབྲེལ་གོ་ལའི་དུས་བབ་ཟེར་བའི་ནང་། རྒྱ་ནག་གི་རིག་གཞུང་དང་ཡུལ་སྐོར་ལྷན་ཁང་གིས་རྒྱ་མི་ཡུལ་སྐོར་བ་རྣམས་ལ་རང་ཉིད་ཀྱི་བདེ་འཇགས་ཆེད་ཤེས་རྟོགས་དང་ཨོ་གླིང་ནང་འགྲིམ་འགྲུལ་མི་བྱེད་པའི་བརྡ་སྦྱོར་སྤེལ་ཡོད་པ་རེད། ཅེས་བཀོད་དེ་རྒྱ་ནག་གི་སློབ་མ་དང་ཡུལ་སྐོར་བ་རྣམས་ཨོ་གླིང་དུ་མི་འགྲོ་བའི་ཉེན་བརྡ་བཏང་བས་རྐྱེན་གྱིས་ཡིན་འདུག

རྒྱ་ནག་གཞུང་གིས་རྒྱ་རིགས་སློབ་མ་རྣམས་ལ་ཨོ་གླིང་ནང་མི་རིགས་དབྱེ་འབྱེད་ཀྱི་གནད་དོན་ཡོད་པའི་ཉེན་བརྡ་བཏང་རྗེས། རྒྱ་ནག་གི་ (Weibo) སྤྱི་ཚོགས་དྲ་ལམ་དུ་ཨོ་གླིང་དུ་མི་རིགས་དབྱེ་འབྱེད་ཀྱི་གནད་དོན་ཡོད་མེད་ཐད་གླེང་སློང་འདྲ་མིན་འབྱུང་གི་ཡོད་འདུག་ལ། རྒྱ་ནག་སྐམ་ས་ནས་ཨོ་གླིང་དུ་ཡོད་པའི་རྒྱ་རིགས་རྣམས་ལ་དྲི་བ་འདྲི་མཁན་མང་པོ་ཡོང་གི་ཡོད་ཚུལ་དྲ་ལམ་ཁག་ཏུ་མཐོང་རྒྱུ་ཡོད་འདུག

ཨོ་གླིང་ནི་རྒྱལ་སྤྱིའི་སློབ་མ་ཤུགས་ཆེན་ཡོད་པའི་རྒྱལ་ཁབ་ཅིག་དང་། རྒྱལ་ཁབ་ཀྱི་སྤྱི་ཡོངས་ཀྱི་དཔལ་འབྱོར་གྱི་ཡོང་ཁོངས་གཙོ་བོ་དེ་ལ་ཐུག་ཡོད་པ་དང་། འདས་ལོར་ཨོ་གླིང་དུ་རྒྱལ་སྤྱིའི་སློབ་མ་གྲངས་ཁྲི་ ༧༥ ལྷག་བྱུང་ཡོད་པ་ནས་དེའི་བརྒྱ་ཆའི་ ༢༨ ནི་རྒྱ་རིགས་སློབ་མ་ཡིན་འདུག་ལ། སི་ཊི་ནེ་སློབ་ཆེན་ (Sydney University) གྱིས་ཞིབ་འཇུག་བྱས་པ་ལྟར་ན། འབྱུང་འགྱུར་གྱི་ལོ་གཉིས་ཀྱི་ནང་རྒྱ་རིགས་སློབ་མ་གཅིག་ཀྱང་མ་བྱུང་ཚེ་ཨ་སྒོར་ཐེར་འབུམ་ ༨,༣ གྱི་གྱོང་རག་རྒྱུ་ཡིན་པའི་ཚོད་དཔག་བྱེད་བཞིན་ཡོད་འདུག ཏོག་དབྱིབས་ནད་ཡམས་འཛམ་གླིང་གང་སར་ཁྱབ་བརྡལ་དུ་ཕྱིན་སྟབས། རྒྱལ་ཁབ་གཞན་དང་གཅིག་མཚུངས་ལྟར་ཨོ་གླིང་གིས་ཀྱང་ཟླ་འགའི་རིང་སློབ་གྲྭ་ཁག་སྒོ་བརྒྱབ་ཡོད་པ་དང་། རྒྱ་རིགས་སློབ་མ་མང་པོ་ཞིག་ཕྱིར་རྒྱ་ནང་དུ་ལོག་ཡོད་པ་རེད། ཟླ་རྗེས་མའི་ནང་སློབ་ཆེན་ཁག་བསྐྱར་དུ་སྒོ་འབྱེད་ཀྱི་ཡོད་འདུག

འདི་ལོའི་ཕྱི་ཟླ་ ༤ ནང་ཨོ་གླིང་གཞུང་གིས་སྣེ་ཁྲིད་དེ་རྒྱལ་ཁབ་མང་པོས་ཏོག་དབྱིབས་ནད་ཡམས་ཀྱི་འབྱུང་རྐྱེན་སོགས་ལ་རང་དབང་ལྡན་པའི་ཐོག་ཞིབ་འཇུག་བྱ་དགོས་པའི་དགོས་འདུན་བཏོན་པར་རྒྱ་ནག་གཞུང་གིས་སྐྱོན་བརྗོད་བྱས་ཡོད་པ་དང་། རྒྱ་ནག་གཞུང་གིས་ཨོ་གླིང་ནས་ནས་འབྲུ་དང་གླང་ཤ་ནང་འདྲེན་བྱེད་པར་རྒྱལ་ཁྲལ་བརྒྱ་ཆའི་ ༨༠ ཡར་སྤར་ཡོད་པ་དང་། མུ་མཐུད་ཨོ་གླིང་གི་ཚོང་རྫས་གཞན་ལ་རྒྱལ་ཁྲལ་སྤར་རྒྱུ་ཡིན་པའི་ཉེན་བརྡ་བཏང་ཡོད་པ་རེད། ཏོག་ནད་དང་འབྲེལ་བའི་ཞིབ་འཇུག་དེ་ནི་ཆབ་སྲིད་ཀྱི་ཀུན་སློང་ཡོད་སྐོར་བརྗོད་ཡོད་པ་རེད།

གསར་འགོད་པ། ཀླུ་མགོན་ཐར།

བསྐྱར་བཅོས།: ༢༠༢༠/༠༦/༡༡

Leave a Reply