བོད་རིགས་སྨན་ཞབས་མ་ཞིག་གི་གཉན་རིམས་འགོག་རྒོལ་གྱི་མྱོང་བ་དངོས།

ཏོག་དབྱིབས་ནད་པའི་འཆི་ཁའི་མིག་ཟུང་གིས་གཅེར་ས་གཅིག་པུ་དེ་ང་ཚོ་སྨན་ཞབས་པ་དང་སྨན་པ་ཚོ་ཡིན་པས། ངས་དུས་རྒྱུན་སེམས་ཀྱིས་མ་བཟོད་པར་ནད་པ་དེ་ཚོར་སྨོན་ལམ་རེ་འདེབས་བཞིན་ཡོད།

ངའི་མིང་ལ་པ་སངས་སྒྲོམ་མ་ཟེར་གྱི་ཡོད། ཕྱི་ལོ་ ༢༠༡༥ ལོར་ཨ་རིར་འབྱོར་བ་དང་། ད་ལྟའི་ཆར་ཨ་རིའི་ནེའུ་ཡོག་ཁྱབ་ཁོངས་ཀྱི་གཞུང་གི་ཨེམ་ཧར་སི་སྨན་ཁང་(Amherst Hospital)གི་ཛ་དྲག་ནད་པའི་སྡེ་ཚན་ནང་སྨན་ཞབས་པའི་ལས་ཀ་བྱེད་བཞིན་ཡོད། ཕྱི་ལོ་ ༢༠༢༠ ཟླ་བ་ ༣ པའི་ཟླ་དཀྱིལ་ནས་མགོ་བཙུགས་ཏེ་སྨན་ཁང་ནང་དུ་འཛམ་གླིང་གང་སར་ཁྱབ་བཞིན་པའི་རྒྱ་ནག་ནས་དར་བའི་ཏོག་དབྱིབས་ནད་ཡམས་དེ་ཕོག་པའི་ནད་པ་མི་ཉུང་བ་ཞིག་སླེབས་མགོ་བཙུགས་པའི་རྐྱེན་གྱིས། ཐོག་མའི་འཆར་གཞི་གཞིར་བཟུང་ལས་ལྷག་པའི་སྨན་ཁང་ནང་ཡོད་པའི་འཛིན་སྐྱོང་དང་སྨན་པ། སྨན་ཞབས་པ་སོགས་འབྲེལ་ཡོད་ལས་མི་ཚང་མར་བརྡབ་གསིག་ཤུགས་ཆེན་པོ་ཐེབས་སོང་། རྒྱུན་གཏན་གྱི་ནད་པ་རྣམས་སྨན་ཁང་གཞན་ལ་སྤོས་ཏེ། སྨན་ཁང་ཡོངས་རྫོགས་ཏོག་དབྱིབས་ནད་པའི་སྡེ་ཚན་ལ་བསྒྱུར་དགོས་བྱུང་ཡོད།

ང་རང་གི་སྡེ་ཚན་ལ་ཆ་བཞག་ན། རྒྱུན་ལྡན་ཛ་དྲག་ལྟ་རྟོག་ཚན་པ་ (ICU) ལས་ལྷག་པའི་ཉལ་ཁྲི་ཡོད་པས། ཏོག་དབྱིབས་ནད་གཞི་ཕོག་པའམ། དོགས་གཞི་ཡོད་པའི་ནད་པ་རྣམས་ལ་སྨན་བཅོས་བྱེད་ཀྱི་ཡོད། ཐོག་མའི་བདུན་ཕྲག་གཉིས་ཙམ་རིང་ལ་སྨན་ཞབས་པ་དང་ནད་པའི་གྲངས་ཚད་མི་འཚམ་པའི་དཀའ་ངལ་མང་པོ་ཕྲད་བྱུང་། སྨན་ཞབས་པ་གཅིག་ལ་ཏོག་དབྱིབས་ནད་པ་ཛ་དྲག་པོ་གསུམ་ནས་བཞི་བར་བྱུང་བ་དང་། སྐབས་རེར་ནད་པ་འདས་གྲོངས་སུ་འགྲོ་སྐབས་ནད་པ་གསར་པ་བྱུང་བ་སོགས་ཀྱི་དཀའ་ངལ་མང་པོ་ཕྲད་བྱུང་། སྤྱིར་ཛ་དྲག་གི་སྡེ་ཚན་ཞིག་ལ་ཆ་བཞག་ན། སྨན་ཞབས་པ་གཅིག་ལ་ནད་པ་གཉིས་ལས་མང་བ་སྤྲོད་མི་ཆོག་ཀྱང་། སྐབས་དེར་གནས་སྟངས་དེ་ལྟ་བུ་ཞིག་ཆགས་ཡོད། གལ་ཏེ་ནད་པ་ཞིག་གིས་དབུགས་གཏོང་ལེན་མི་ཐུབ་པའི་རྐྱེན་གྱིས་ཛ་དྲག་མྱུར་སྐྱོབ་བྱེད་དགོས་བྱུང་ཚེ། ཉུང་མཐར་ཡང་སྨན་ཞབས་པ་གསུམ་ནས་བཞི་ཙམ་དགོས་ཀྱི་ཡོད་སྟབས་ནད་པ་གཞན་ལ་ལྟ་རྟོག་བྱེད་རྒྱུར་འཐུས་ཤོར་འགྲོ་ཡི་ཡོད། དེ་ནས་དབུག་སྐྱོར་འཕྲུལ་ཆ་གང་མང་དགོས་རྐྱེན་སྔར་གྱི་འཕྲུལ་ཆས་རྙིང་པ་འགའ་ཞིག་བཀོལ་སྤྱོད་མི་བྱེད་ཐབས་མེད་དུ་གྱུར། ནད་འབུ་དེ་འགོག་བྱེད་ཀྱི་ཁ་རས་དང་ལུས་སྲུང་གོས་ཆས། མིག་དང་མགོ་ལ་གྱོན་རྒྱུའི་དགོས་ངེས་མཐུན་རྐྱེན་སོགས་ཀྱིས་མ་འདང་བའི་དཀའ་ངལ་ད་ལྟའང་ལྷག་མུས་རེད། བདུན་ཕྲག་གསུམ་པའི་སྐབས་སུ་ཨ་རིའི་གཞུང་ནས་གྲོང་ཁྱེར་གང་ས་ནས་དྭང་བླངས་སྨན་ཞབས་པ་དང་། ད་དུང་ཁ་རས་དང། གྱོན་ཆས། དེ་བཞིན་མིག་ཤེལ་དང་མགོ་རས་སོགས་ཀྱི་རོགས་སྐྱོར་ཐོབ་པར་བརྟེན། སྨན་ཞབས་པ་གཅིག་གིས་ནད་པ་གཉིས་ཙམ་ལ་མ་གཏོགས་ལྟ་རྟོག་བྱེད་དགོས་མ་བྱུང་སྟབས་དངོས་གནས་དྲང་གནས་ཕན་ཐོགས་ཆེན་པོ་བྱུང་ཡོད།

ང་རང་ཉིད་ལ་མཚོན་ན། ཐོག་མར་ནད་འདི་འདྲ་ཞིག་ཡོད་པ་གོ་ཐོས་བྱུང་སྐབས་སེམས་ནང་དེ་ནི་འགོས་ནད་གཞན་དང་འདྲ་བར་རང་ཉིད་ནས་ལག་པ་ཡང་སེ་འཁྲུད་རྒྱུ་དང་། དེ་བཞིན་ལུས་སྲུང་གོས་ཆས་(PPE) གང་ཡོད་པ་དེ་བེད་སྤྱོད་བྱེད་རྒྱུའི་གྲ་སྒྲིག་ཙམ་ལས། ཐོག་མའི་ཆར་དམིགས་བསལ་གྱི་སེམས་ལ་དངངས་སྐྲག་གང་ཡང་བྱུང་མ་སོང་། འོན་ཀྱང་། ཏོག་དབྱིབས་ཀྱི་ནད་པ་སླེབས་མགོ་བཙུགས་སྐབས་ནད་ཡམས་དེ་ཕོག་པའི་ནད་པ་ཕལ་ཆེ་བ་ལོ་ན་ ༣༠ ནས་ ༧༠ བར་ཡིན་པ་དང་། ནད་རྟགས་རྣམས་མངོལ་གསལ་དོད་པོ་ཡོད་པ་ཤེས་བྱུང་། རྒྱུན་ལྡན་མི་ཞིག་གི་དབུགས་གཏོང་ལེན་གྱི་མྱུར་ཚད་དེ་༡༠ ནས་ ༢༠ ཡིན་ཡང་། ཏོག་དབྱིབས་ནད་པ་དེ་ཚོའི་དབུགས་གཏོང་ལེན་གྱི་མྱུར་ཚད་དེ་འདུར་རྒྱུག་གློད་བཞིན་པའི་མི་ལྟར་ ༥༠ ཡན་ལ་ཡིན་པ་དང་། དེ་བཞིན་ལུས་པོའི་སྲོག་རླུང་གི་ཚད་ (SpO2) དེ་ ༩༠ ལས་ཉུང་བ་འདུག རྒྱུན་ལྡན་གྱི་མི་ཞིག་གི་སྲོག་རླུང་གི་ཚད་དེ་ ༩༥ ནས་ ༡༠༠ ཡིན། ཡང་ནད་པ་ཞིག་གློ་བུར་དུ་དབུགས་ཆད་པ་དང་ཁྲག་ཤེད་ཉུང་དུ་ཕྱིན་པ། ཡང་ན་ལུས་པོའི་ནང་སྲོག་རླུང་ཉུང་དུ་འགྲོ་བ་སོགས་འབྱུང་སྐབས། འཕྲལ་མར་མྱུར་སྐྱོབ་དབུགས་སྐྱོར་འཕྲུལ་ཆའི་ཐོག་འཇོག་པའམ། བྲང་ཁ་མནན་ཏེ་དབུགས་གཏོང་ལེན་ཐུབ་ཐབས་སོགས་ཀྱི་ཐབས་ཤེས་སྤྱད་ནའང་། དམིགས་བསལ་ཕན་ཐོགས་གང་ཡང་འབྱུང་གི་མེད་པ་མ་ཟད། དུས་རྒྱུན་དང་མི་འདྲ་བར་ནད་པ་མང་པོ་འདས་གྲོངས་སུ་ཕྱིན་ཡོད། དུས་སྐབས་འདི་འདྲའི་སྐབས་ལས་ཀར་ངལ་གསོ་མི་རག་པའི་ཐོག ནད་པ་མང་པོ་གྲོངས་བཞིན་ཡོད་པའི་རྐྱེན་གྱིས་རང་ཉིད་ལ་དངངས་སྐྲག་དང་ཞེད་སྣང་སླེབས་ཀྱི་འདུག

དུས་ཡུན་དེའི་རིང་ནད་པའི་སྤུན་མཆེད་ཉེ་མི་རྣམས་ཐུག་འཕྲད་ཆེད་སྨན་ཁང་ནང་ཡོང་ཆོག་གི་མེད་པའི་དངོས་དོན་དེས་སྙིང་ལ་ན་ཟུག་བཏང་བ་ལྟ་བུའི་ཚོར་བ་སླེབས་ཀྱི་འདུག ནད་པ་ཞིག་རང་གི་མིག་མདུན་དུ་གྲོངས་པ་དང་། ཡང་མང་པོ་ཞིག་ལ་ནད་ཛ་དྲག་གཞན་མེད་པར་འདས་གྲོངས་སུ་གྱུར་བ། འཆི་ཁར་རང་གི་ཕ་མ་སྤུན་མཆེད་ཀྱང་ཐུག་རྒྱུ་མེད་ཅིང་། ཁོ་ཚོའི་འཆི་ཁའི་མིག་ཟུང་གིས་གཅེར་ས་གཅིག་པུ་དེ་ང་ཚོ་སྨན་ཞབས་པ་དང་སྨན་པ་ཚོ་རེད། ངས་དུས་རྒྱུན་སེམས་ཀྱིས་མ་བཟོད་པར་ནད་པ་དེ་ཚོར་སྨོན་ལམ་རེ་འདེབས་བཞིན་ཡོད་ལ། འགྲོ་བ་གཞན་ལ་དེ་ལྟ་བུའི་སྡུག་བསྔལ་ཞིག་མགོ་ཐོག་ལ་མི་ལྷུང་རྒྱུའི་སྨོན་ལམ་འདེབས་ཀྱིན་ཡོད། ཡང་སྐབས་རེར་ནད་པ་ཞིག་འདས་གྲོངས་སུ་གྱུར་བ་དང་། ཕུང་པོ་གཙང་སེལ་བྱས་ཏེ་རས་ནང་འཐུམ་སྐབས། ནད་འབུ་དེས་ལས་སླ་མོའི་ཐོག་ནས་མིའི་ཚེ་སྲོག་འཕྲོག་སོང་སྙམ་ཏེ་ཡིད་སེམས་གདུང་བར་བྱེད། གཉན་འཕྲང་ཅན་གྱི་དུས་སྐབས་འདིའི་རིང་། སྨན་ཁང་ནས་སྨན་པ་དང་སྨན་ཞབས་པ། དེ་མིན་འབྲེལ་ཡོད་ལས་མི་ཚང་མའི་གདོང་ལ་འཇིགས་སྣང་དང་དངངས་སྐྲག་གིས་ཁེངས་ཡོད།

གུས་མོར་མཚོན་ན་སྨན་ཁང་གི་ལས་ཀ་གྲོལ་མཚམས་གཙང་སྦྲ་འཕྲོད་བསྟེན་གང་གཟབ་བྱས་ཏེ་ཕྱིར་རང་ཁྱིམ་དུ་ལོག་གི་ཡོད་ཀྱང་། སྤྱི་ཚོགས་ཀྱི་མིག་ནང་ང་ཚོ་སྨན་ཁང་ནང་ལས་ཀ་བྱེད་ཀྱི་ཡོད་པའི་རྒྱུ་མཚན་གྱིས་ང་ཚོར་ཞེད་སྣང་བྱེད་ཀྱི་འདུག ངའི་གྲོགས་མོ་སྨན་ཞབས་མ་ཞིག་ལ་ཁོང་མོས་ཁང་བདག་གིས་མཐོང་ཆུང་གི་རྣམ་པ་བསྟན་པ་གོ་ཐོས་བྱུང་བ་དེས་རང་ཉིད་ལ་བློ་ཕམ་ཆེན་པོ་བྱུང་། བཟའ་ཟླ་བུ་ཕྲུག་ཡོད་པའི་སྨན་ཞབས་པ་མི་ཉུང་བ་ཞིག་རང་ཁྱིམ་དུ་ཟུར་བཀག་ནང་སྡོད་བཞིན་ཡོད། དེ་ནི་ཁོང་ཚོས་རང་ཉིན་བརྒྱུད་རང་གི་བཟའ་ཟླ་བུ་ཕྲུག་ཚོར་ནད་འབུ་དེ་འགོ་སྲིད་པའི་ཞེད་སྣང་བྱེད་ཀྱི་ཡོད། ཡང་ངའི་ལས་རོགས་འགའ་ཤས་ལ་ནད་ཡམས་འདི་འགོས་ཏེ་ཁྱིམ་མིར་ཡང་འགོས་པའི་གནས་ཚུལ་གོ་ཐོས་བྱུང་། ང་སྨན་ཁང་ནས་རང་ཁྱིམ་དུ་ལོག་སྐབས་སྨན་ཞབས་མའི་གོས་ཀྱང་གྱོན་ནུས་ཀྱི་མི་འདུག དེ་ནི་ང་རང་མི་གཞན་གྱི་ཞེད་སྣང་དང་དོགས་ཟོན་གྱི་རྣམ་འགྱུར་ལ་སྐྲག་པའི་རྒྱུ་མཚན་གྱིས་ཡིན། ངས་དུས་རྒྱུན་བར་ཆད་ལམ་སེལ་དང་སྒྲོལ་མའི་མཚན་སྔགས་འདོན་གྱི་ཡོད།

ང་ནེའུ་ཡོག་ནེའུ་ཇར་སི་སྨན་ཞབས་ཚོགས་པའི་རྒྱུན་ལས་ཞིག་ཡིན་པའི་ཆ་ནས། དུས་རྒྱུན་ང་ཚོས་སྨན་བཅོས་འཕྲོད་བསྟེན་དང་འབྲེལ་བའི་ལས་གཞི་མི་ཉུང་བ་ཞིག་སྤེལ་གྱི་ཡོད། དཔེར་ན་ང་ཚོས་དྭང་བླངས་སྨན་པ་གྲ་སྒྲིག་བྱས་ཏེ་བོད་མི་ཚོར་སྨན་བཅོས་ཐོག་རོགས་རམ་བྱེད་པ་དང་། ཡང་སྐབས་རེར་ས་གནས་ཀྱི་བོད་རིགས་སྤྱི་མཐུན་ཚོགས་པ་དང་། གཞུང་འབྲེལ་མ་ཡིན་པའི་ཚོགས་པ་གཞན་དང་མཉམ་འབྲེལ་གྱིས་རོགས་རམ་གང་མང་བྱེད་བཞིན་ཡོད། ལས་གཞི་དེ་དག་ངོ་དེབ་དང་གསར་འགྱུར་བརྒྱུད་ལམ་ཁག་ཏུ་ཐེངས་མང་ཐོན་ཡོད། ཏོག་དབྱིབས་ནད་ཡམས་ཀྱི་ཛ་དྲག་དུས་སྐབས་འདིར། བོད་མིའི་སྨན་ཞབས་ཚོགས་པའི་ངོས་ནས་རིན་མེད་ཐོག་ནས་སྨན་ཞབས་པ་དང་ལས་མི་རྣམས་ལ་ཁ་རས་དང་མིག་ཤེལ་བགོ་འགྲེམ་བྱས་ཡོད་པ་མ་ཟད། དེ་བཞིན་སྨན་ཁང་དུ་ཕྱི་མི་ཡོང་ཆོག་གི་མེད་སྟབས། བོད་མི་ནད་པ་ཚོར་རོགས་སྐྱོར་བྱེད་ཀྱི་ཡོད་ལ། མཚམས་རེར་འདས་གྲོངས་སུ་གྱུར་བའི་གནས་ཚུལ་ཐོན་སྐབས། དྲ་ཐོག་བརྒྱུད་འདས་པོའི་ཆེད་བླ་མ་གདན་དྲངས་ཏེ་ཆོ་ག་རིམ་གྲོ་བསྒྲུབས་ཐུབ་ཡོད། གཞན་ཡང་སྨན་ཞབས་ཚོགས་པའི་ངོས་ནས་ས་གནས་ཀྱི་བོད་མི་དཀའ་ངལ་ཡོད་པ་ཚོར། གློ་སྨན་དང་ཚ་སྨན་སོགས་ཀྱི་རོགས་རམ་བྱེད་མུས་རེད།

བོད་རིགས་སྨན་ཞབས་ཚོགས་པར་མཚོན་ན་ཡོང་འབབ་དམིགས་བསལ་མེད་སྟབས་ཞལ་འདེབས་དང་ཚོགས་མིའི་ཚོགས་དངུལ་ནས་འགྲོ་གྲོན་གཏོང་གི་ཡོད་ཀྱང་། ད་ལན་ཚོགས་པ་གཞན་ནས་ཞལ་འདེབས་མི་ཉུང་བ་ཞིག་ཐོབ་ཡོད་སྟབས། མ་འོངས་པར་འདི་ལྟ་བུའི་ནད་ཡམས་རིགས་ལ་སྔོན་ཚུད་ནས་གྲ་སྒྲིག་བྱ་རྒྱུའི་ལས་གཞི་རྩོམ་བཞིན་ཡོད་འདུགབོད་རིགས་སྨན་ཞབས་ཚོགས་པ་འདི་ཕྱི་ལོ་ ༢༠༡༦ ཟླ་ ༤ ཚེས་ ༢ ཉིན་ཨ་རིའི་ནེའུ་ཡོག་བྷེ་ལེ་ཝུ་སྨན་ཁང་(Bellevue Hospital) གི་བོད་རིགས་སྨན་ཞབས་པའི་སྣེ་ཁྲིད་འོག་གསར་འཛུགས་གནང་བ་ཞིག་ཡིན་པ་དང་། ཚོགས་པའི་དམིགས་ཡུལ་གཙོ་བོ་ནི་ཨ་རི་རྒྱལ་ཡོངས་ཀྱི་བོད་རིགས་སྨན་ཞབས་པ་དང་སྨན་ཞབས་སློབ་མ་རྣམས་གཅིག་བསྡུས་ཀྱིས། རྒྱ་གར་དང་བལ་ཡུལ། ཨ་རི་བཅས་ནས་སློབ་མཐར་སོན་པའི་བོད་རིགས་སྨན་ཞབས་པ་ཚོར་ལས་ཀ་འཚོལ་ཐབས་སོགས་ཀྱི་ཐད་རོགས་འདེགས་བྱ་རྒྱུ་དང་། དེ་བཞིན་ཨ་རིར་ཡོད་པའི་བོད་མིའི་སྤྱི་ཚོགས་ལ་འཕྲོད་བསྟེན་དང་འབྲེལ་བའི་གོ་རྟོགས་ལས་འགུལ་སྤེལ་རྒྱུ་དང་། རྒྱ་ཆེ་ས་ནས་བོད་དང་རྒྱ་གར། བལ་ཡུལ་བཅས་ནང་གནས་སྡོད་བོད་མི་རྣམས་ལ་ཤེས་ཡོན་དང་འབྲེལ་བའི་ལས་གཞི་སྤེལ་རྒྱུ་བཅས་ལ་དམིགས་པ་ཞིག་ཡིན་འདུག

ཕྱི་ལོ་ ༢༠༢༠ ཟླ་ ༥ ཚེས་ ༣ ཉིན་དུས་བབ་གསར་འགོད་པ་པ་སངས་ཚེ་རིང་གིས་བཅར་འདྲི་བྱས།

བསྐྱར་བཅོས།: ༢༠༢༠/༠༦/༡༡

Leave a Reply

One thought on “བོད་རིགས་སྨན་ཞབས་མ་ཞིག་གི་གཉན་རིམས་འགོག་རྒོལ་གྱི་མྱོང་བ་དངོས།

  1. བསོད་ནམས་རྒྱལ་མཚན།

    ༡༽ དགོན་སྡེ་ཁག་གི་བླ་བྲང་རྫིག་པོ་དང་། ཤག་ཚང་ཆེན་མོ། གྲྭ་པ་སྒེར་བདག་ཆེན་མོ་སོགས་ལ་་་ སྨན་ཞབས་མ་པ་སངས་སྒྲོལ་མ་ལགས་དངོས་སུ་མྱོང་བ་དེ་ལ་གཅིག་དོ་སྣང་དང་ཐུགས་བསམ་ཞིག་ཞེས་རོགས། སྤམ་པོ་དང་རྫིག་པོ་བྱེད་ཕོད་པ་འདུག་གས་ ? ཞི་ཞིང་འདུལ་བ་གྲྭ་པའི་ཚན་ཉིད་ཡིན་པ་ཚང་མའི་མཁྱེན་གསལ་རེད།
    ༢༽ པ་སངས་སྒྲོལ་མ་ལགས། ཁྱེད་ཐུགས་ཕྲལ་གནང་མི་དགོས། བསམ་ཤེས་ན་ཆོས་པ་ངོ་མ་དེ་ཁྱེད་ཡིན། དེ་རིང་སངས་རྒྱས་ཀྱི་ཆོས་ངོ་མ་དེ་་་ སྟོང་པ་ཉིད་ཀྱི་ལྟ་བ། བདག་མེད་པའི་ལྟ་བ། མོ་རྟག་པ་བཅས་ད་རེ་ཁྱེད་སྨན་ཁང་ནང་དངོས་སུ་མཐོང་། སངས་རྒྱས་ཀྱི་བཀའ། ༧གོང་ས་མཆོག་གི་བཀའ་ངོ་མ་དེ་ཁྱེད་ཀྱི་སྒྲུབ། འགྲོ་བ་ནད་པ་ཇི་སྲིད་དུ། །ནད་སོས་གྱུར་གི་བར་དུ་ནི། །སྨན་དང་སྨན་པ་ཉིད་དག་དང་། དེ་ཡི་ནད་གཡོག་བྱེད་པར་ཤོག །། སྐར་མ་རབ་རིབ་མར་མེ་དང་། །སྒྱུ་མ་ཟིལ་པ་ཆུ་བུར་དང་། །རྨི་ལམ་གློག་དང་སྤྲིན་ལྟ་བུར། །འདུས་བྱས་ཆོས་རྣམས་དེ་ལྟར་ལྟ།། བསོད་ནམས་འདི་ཡིས་ཐམས་ཅད་གཟིགས་པ་ཡི། །གོ་འཕང་ཐོབ་ནས་སྐྱོན་གྱི་དགྲ་བཏུལ་ཏེ། །རྒ་དང་ན་དང་འཆི་བའི་རླབས་འཁྲུགས་པའི། །སྲིད་པའི་མཚོ་ལས་འགྲོ་བ་སྒྲོལ་བར་ཤོག །། 🙏 👍
    པ་སངས་སྒྲོལ་མ་ལགས་སུ་ གཟིག་པགས་གྱོན་པའི་ཆོས་པ་ཞིག་ནས་ཕུལ།