རྒྱའི་ཐོན་རྫས་འགོག་པའི་ལས་འགུལ་རྒྱ་གར་རྒྱལ་ཡོངས་ནང་སྤེལ་བའི་མགོ་བཙུགས།

རྒྱ་གར་རྒྱལ་ཡོངས་ཚོང་པའི་མཐུན་ཚོགས་ཀྱིས་སྣེ་འཁྲིད་དེ་རྒྱ་ནག་གི་ཐོན་རྫས་ ༣༠༠༠༠ ཉོ་ཚོང་མཚམས་འཇོག་རྒྱུ་དང་ རྒྱ་གར་བས་རྒྱ་གར་གྱི་ཐོན་རྫས་ཉོ་ཚོང་དགོས་པའི་འབོད་སྐུལ་གནང་།

རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་ཐོན་པའི་གནས་ཚུལ་ལྟར་ན།  ཁ་སང་རྒྱ་གར་རྒྱལ་ཡོངས་ཚོང་པའི་མཐུན་ཚོགས་ཀྱིས། གདོང་ཁེབས་དང་ཇ་ཕོར་སོགས་རྒྱ་གར་རང་གི་ཐོན་རྫས་ཁྱབ་བསྒྲགས་བྱས་ཏེ། རྒྱ་གར་གྱི་ཐོན་རྫས། ང་ཚོའི་གཟི་བརྗིད་ཡིན། ཞེས་རྒྱ་གར་རྒྱལ་ཡོངས་སུ་རྒྱ་ནག་གི་ཚོང་རྫས་རིགས་ཉོ་ཚོང་དང་སྤྱོད་མཚམས་འཇོག་དགོས་པའི་རྒྱལ་ཡོངས་རང་བཞིན་གྱི་ལས་འགུལ་ཞིག་སྤེལ་མགོ་བརྩམས་ཡོད་པ་དང་། ལས་འགུལ་ཁྲོད་ཚོང་ལས་སྡེ་ཚན་གྱི་ཚོགས་པ་ཁྲི་ ༤ ལྷག་དང་ཚོང་པ་ས་ཡ་ ༧༠ ལྷག་མཉམ་ཞུགས་བྱེད་ཀྱི་ཡོད་འདུག

ཁ་སང་བརྙན་ལམ་བརྒྱུད་རྒྱ་གར་རྒྱལ་ཡོངས་ཚོང་པའི་མཐུན་ཚོགས་ཀྱི་ཚོགས་གཙོ་བྷར་ཊི་ཡ་ (BC Bhartia) ལགས་དང་དྲུང་ཡིག་(Praveen Khandelwal)གཉིས་ཀྱིས། གདོང་ཁེབས་དང་ཇ་ཕོར་སྟེང་རྒྱ་གར་གྱི་ཐོན་རྫས། ང་ཚོའི་གཟི་བརྗིད་ཡིན། ཞེས་བྲིས་པའི་རྒྱ་གར་རང་གི་ཐོན་རྫས་རིགས་ཁྱབ་བསྒྲགས་བྱས་ཏེ། རྒྱ་གར་གྱི་ཚོང་ལས་སྡེ་ཁག་ཚང་མས་གདོང་ཁེབས་དེ་གྱོན་ནས་ལས་འགུལ་རྒྱ་སྐྱེད་དང་གོ་རྟོགས་སྤེལ་དགོས་པའི་རེ་སྐུལ་ཞུས་འདུག་ལ། ད་རེས་ལས་འགུལ་འདི་གཙོ་བོ་ཏོག་དབྱིབས་གཉན་རིམས་འགོས་ཁྱབ་སྔོན་འགོག་ཁྲོད། ངོ་དེབ་དང་ཝ་ཚའི་ཨེབ། ཊི་ཝུ་ཊིར་སོགས་སྤྱི་ཚོགས་དྲ་ལམ་བརྒྱུད་རྒྱ་གར་མི་མང་ལ་གོ་རྟོགས་སྤེལ་རྒྱུ་ཡིན་པ་དང་། འདི་ལོའི་ལོ་མཇུག་བར་རྒྱ་གར་གྱི་མེ་འཁོར་ (Rajdhani)དང་(Shatabdi)སོགས་ཀྱི་ནང་ཇ་ཕོར་ས་ཡ་ ༥༠ བཀྲམ་སྟེ་རྒྱ་ནག་གི་ཐོན་རྫས་བཀག་སྡོམ་གྱི་ལས་འགུལ་སྤེལ་རྒྱུ་ཡིན་འདུག

ཁོང་ཚོའི་བསྒྲགས་གཏམ་ནང་། ཁ་སང་དེ་རིང་རྒྱ་ནག་ཝུ་ཧན་ནས་མཆེད་པའི་ཏོག་དབྱིབས་གཉན་རིམས་འགོས་ཁྱབ་ཀྱི་དཀའ་ངལ་འོག འཛམ་གླིང་མི་མང་གི་ཚེ་སྲོག་དང་འཕྲོད་བསྟེན་བདེ་ཐང་། ཚོང་འབྲེལ་སོགས་ལ་ཤུགས་རྐྱེན་ཐེབས་ཡོད་པར་བརྟེན། རྒྱ་ནག་གིས་ནད་ཡམས་འདི་བཀག་འགོག་བྱེད་མ་ཐུབ་པར་དཀའ་ངལ་ཚབས་ཆེན་བཟོས་པའི་འགན་ཆ་ཚང་འཁུར་དགོས་ཀྱི་ཡོད། གནད་དོན་འདི་དང་འབྲེལ་འཛམ་གླིང་དང་རྒྱ་གར་མི་མང་ཁྲོད་རྒྱ་ནག་ལ་སྡང་སེམས་འཛིན་མཁན་ཤུགས་ཆེན་འབྱུང་བཞིན་ཡོད་ལ།  ཐེངས་འདིའི་ལས་འགུལ་འདིའང་གནད་དོན་དེ་དག་དང་འབྲེལ་ནས་སྤེལ་བ་ཞིག་ཡིན། ཞེས་བརྗོད་འདུག

རྒྱ་གར་རྒྱལ་ཡོངས་ཚོང་པའི་མཐུན་ཚོགས་ཀྱི་ཚོགས་གཙོ་བྷར་ཊི་ཡ་ལགས་དང་དྲུང་ཡིག་པིར་ཝིས་གཉིས་ཀྱིས།  ད་ལྟ་རྒྱ་གར་ནང་རྒྱ་ནག་ནས་ནང་འདྲེན་བྱེད་བཞིན་པའི་ཐོན་རྫས་ལ་སྤྱིའི་དབྱེ་བ་ ༤ འདུག དེ་དག་ནི་ཐོན་རྫས་བཟོ་སྐྲུན་ཟིན་པ་དང་། ཐོན་རྫས་ཀྱི་རྒྱུ་ཆ། ཐོན་རྫས་ཀྱི་ཆ་ཤས་དང་འཕྲུལ་ཆས་བཅས་རེད་འདུག ང་ཚོས་ཐོག་མར་བཟོ་བསྐྲུན་ཟིན་པའི་རྒྱ་ནག་གི་ཐོན་རྫས་ཁག་བཀག་སྡོམ་བྱེད་ཀྱི་ཡིན། ཞེས་རྒྱ་གར་གྱི་མངའ་སྡེ་ཁག་གི་ཚོང་ལས་མགོ་འཁྲིད་རྣམས་ནས་བཟོ་སྐྲུན་ཟིན་པའི་རྒྱ་ནག་གི་ཐོན་རྫས་བཀག་སྡོམ་བྱེད་པའི་འབོད་སྐུལ་ཞུས་ཡོད་པ་རེད།

རྒྱ་གར་རྒྱལ་ཡོངས་ཚོང་པའི་མཐུན་ཚོགས་ལྟར་ན། ཕྱི་ལོ་ ༢༠༠༡ ལོར་རྒྱ་གར་ནང་ནང་འདྲེན་བྱས་པའི་རྒྱ་ནག་གི་ཐོན་རྫས་ཁག་གི་རིན་འབབ་ཨ་སྒོར་ཐེར་འབུམ་ ༢ ཙམ་ལས་མེད་ཀྱང་། ད་ལྟ་རྒྱ་གར་ནང་གི་རྒྱ་ནག་གི་ཐོན་རྫས་ཀྱིས་ཨ་སྒོར་ཐེར་འབུམ་ ༧༠ ཟིན་ཡོད་པ་རེད་ལ། འདས་པའི་ལོ་ ༢ རིང་རྒྱ་གར་རྒྱལ་ཡོངས་ཚོང་པའི་མཐུན་ཚོགས་ཀྱིས། རྒྱ་ནག་གི་ཐོན་རྫས་ཁག་རྒྱ་གར་དུ་ནང་འདྲེན་བྱེད་རྒྱུ་བཀག་འགོག་ཅི་ཐུབ་བྱས་ཏེ། ཕྱི་ལོ་ ༢༠༡༨ ནས་འདི་ལོའི་བར་ཨ་སྒོར་ཐེར་འབུམ་ ༦ ཙམ་གྱི་ཅ་དངོས་ནང་འདྲེན་བཀག་འགོག་བྱེད་ཐུབ་ཡོད་ཀྱང་། ཉེ་བའི་ལོ་ ༢༠ རིང་རྒྱ་གར་ནང་རྒྱ་ནག་གི་ཐོན་རྫས་ནང་འདྲེན་བརྒྱ་ཆ་ ༣༥༠༠༠ ཙམ་འཕར་བ་ནི། རྒྱ་ནག་གཞུང་གིས་འཆར་གཞི་ལྡན་པའི་ཚོང་འབྲེལ་སྲིད་བྱུས་ལག་བསྟར་བྱས་ཡོད་པར་ངོས་འཛིན་བྱེད་ཀྱི་ཡོད་འདུག

རྒྱ་གར་གྱི་(livenagpur)གསར་འགྱུར་ནང་། རྒྱ་གར་གྱི་ཚོང་ལས་སྡེ་ཁག་གིས་འདས་པའི་ལོ་ངོ་ ༡༠ རིང་རྒྱ་ནག་གི་ཐོན་རྫས་རྒྱ་གར་ནང་སིམ་འཛུལ་བྱེད་བཞིན་ཡོད་པ་རྟོགས་ཐུབ་མེད་པ་དང་། རྒྱ་གར་གཞུང་གིས་ཀྱང་རྒྱ་ནག་གི་ཐོན་རྫས་ཀྱི་ཤུགས་རྐྱེན་དང་རྒྱབ་ལྗོངས་སོགས་ཤེས་རྟོགས་བྱུང་མེད་སྟབས། ད་བར་རྒྱ་གར་ནང་རྒྱ་ནག་གི་ཐོན་རྫས་དང་འབྲེལ་གདམ་ག་གཞན་ཡོད་དགོས་པའི་སྲིད་བྱུས་གང་ཡང་བཟོས་མེད་པ་རེད།

རྒྱ་ནག་གི་ཐོན་རྫས་ཉོ་ཚོང་མཚམས་འཇོག་དགོས་པའི་ལས་འགུལ་དེ། ཕྱི་ཟླ་ ༥ ཕྱི་ཚེས་ ༢༨ ཉིན་ལ་དྭགས་ཡུལ་མི་གློག་བརྙན་འཁྲབ་སྟོན་པ་དང་འཆར་འགོད་པ་བསོད་ནམས་དབང་ཕྱུག་ལགས་ཀྱིས། རང་ཉིད་ནས་མགོ་བརྩམས་ཏེ་རྒྱ་གར་རྒྱལ་ཡོངས་སུ་རྒྱ་ནག་གིས་བཟོས་པའི་མཉེན་ཆས་བདུན་ཕྲག་གཅིག་གི་ནང་ཚུད་དུ་སྤྱོད་མཚམས་འཇོག་རྒྱུ་དང་། འཕྲུལ་ཆས་རྣམས་ལོ་གཅིག་གི་ནང་སྤྱོད་མཚམས་འཇོག་པའི་ལས་འགུལ་ཞིག་སྤེལ་ཏེ། རྒྱ་གར་རྒྱལ་ཡོངས་ནས་མཉམ་ཞུགས་བྱེད་པའི་འབོད་སྐུལ་ཞུས་པ་ནས་ལས་འགུལ་དེ་རྒྱ་ཁྱབ་ཏུ་ཕྱིན་ཡོད་འདུག

གསར་འགོད་པ། སྐལ་བཟང་སྦྱིན་པ།

བསྐྱར་བཅོས།: ༢༠༢༠/༠༦/༡༡

Leave a Reply