དེ་རིང་འདས་པོ་སྨན་པ་ལི་ཡི་བྱིས་པ་སྐྱེས་འདུག

འཛམ་གླིང་རྒྱ་ཁྱབ་ཏུ་གྱུར་བའི་ཝུ་ཧན་ཏོག་དབྱིབས་གཉན་རིམས་ཐོག་མར་ཕྱིར་བསྒྲགས་གནང་མཁན་སྨན་པ་འདས་པོ་ལི་ཡི་བུ་སྐྱེས་པ་དང་ཁོང་གི་སྐོར་བསྐྱར་དུ་གླེང་བའི་མགོ་བརྩམས།དེ་རིང་སྔ་དྲོར་རྒྱ་ནག་ཝུ་ཧན་གྲོང་ཁྱེར་གྱི་སྨན་ཁང་ཞིག་ཏུ། རྒྱ་ནག་ནང་ཏོག་དབྱིབས་གཉན་རིམས་མཆེད་སྐབས་ངོས་མི་ཟིན་པའི་འགོས་ནད་ཅིག་ཁྱབ་བཞིན་ཡོད་པའི་ཉེན་བརྡ་ཐོག་མར་གཏོང་མཁན། སྨན་པ་འདས་པོ་ལི་ཝིན་ཉིང་(Li Wenliang)ལགས་ཀྱི་ཤུལ་དུ་ལྷག་པའི་བཟའ་ཟླ་ཧྥུ་ཞའེ་ཅི(Fu Xuejie)ཡི་མངལ་གྱི་བྱིས་པ་བདེ་ལེགས་ངང་སྐྱེས་ཡོད་འདུག

དེ་འབྲེལ་གནས་ཚུལ་སྐོར་ལ་རྒྱ་ནག་ལྷོ་བརྒྱུད་ཞོགས་པའི་ཆ་འཕྲིན་གྱིས་སྤེལ་བའི་གནས་ཚུལ་ནང་། ཝུ་ཧན་གྲོང་ཁྱེར་དེ་ཏོག་ནད་ཀྱི་ལྟེ་བ་ཡིན་པས་ད་དུང་སྤྱི་ཡོངས་ནས་ཉེན་ཁ་ཆེན་པོ་ཡོད་ན་ཡང་། ལི་ཡི་བཟའ་ཟླ་དང་བྱིས་པ་བདེ་ཐང་ཡིན་པ་དང་། དེ་རིང་ཞོགས་པར་སྨན་པ་ལི་ཡི་བཟའ་ཟླས་སྐད་འཕྲིན་དྲ་ལམ་དུ་བརྩེ་བའི་བཟའ་ཟླ་ལགས་ཁྱེད་ཀྱིས་ང་གཉིས་ལྷ་ཡུལ་ནས་མཐོང་ཐུབ་ཀྱི་འདུག་གམ། ཁྱེད་ཀྱིས་ང་ལ་ཆེས་མཐའ་མཇུག་ཏུ་སྤྲད་པའི་ལེགས་སྐྱེས་དེ་རིང་སྐྱེས་བྱུང་། ངས་མ་འོངས་པར་ཁོང་ཚོ་ལ་བརྩེ་བ་དང་སྲུང་སྐྱོབ་ཡག་པོ་བྱ་རྒྱུ་ཡིན་ཞེས་བྲིས་ཡོད་སྐོར་བརྗོད་འདུག

སྨན་པ་ལི་ཡི་བཙས་མ་ཐག་པའི་བྱིས་པ་དང་འབྲེལ་རྒྱ་ནག་གི་སྤྱི་ཚོགས་དྲ་ལམ་ཝེ་པོ་དང་སྐད་འཕྲིན་ནང་གནས་ཚུལ་དེ་གླེང་སློང་ཤུགས་ཆེན་བྱེད་བཞིན་ཡོད་པ་མ་ཟད། བྱིས་པ་དང་བཟའ་ཟླ་གཉིས་ལ་འཚམས་འདྲི་དང་སྨན་པ་ལི་འདས་གྲོངས་སུ་སོང་བར་འགྱོད་གཤག་དང་རྗེས་དྲན་བྱེད་མཁན་ཧ་ཅང་མང་པོ་ཡོང་བཞིན་ཡོད་པ་དང། ཆུ་ཚོད་འགའ་ཤས་ནང་གནས་ཚུལ་དེར་ལྟ་ཀློག་བྱེད་མཁན་མི་གྲངས་ས་ཡ་ ༨ ལྷག་བྱུང་ཡོད་པ་དང་། ཞབས་མཆན་འགོད་མཁན་ཞིག་གིས་བྱིས་པ་ཆེན་པོ་ཆགས་པ་དང་ཁོང་གི་ཨ་ཕ་དེ་དཔའ་བོ་ཞིག་ཡིན་པ་བཤད་རོགས་དང་། མང་པོ་ཞིག་གིས་གནས་ཚུལ་དེས་སེམས་པ་སྐྱོ་སོང་དང་མིག་ཆུ་ལྷུང་སོང་སོགས་བརྗོད་བཞིན་འདུག

ཡང་རྒྱ་ནག་གི་(Litchi News)གསར་ཁང་ཟེར་བ་ཞིག་གི་གནས་ཚུལ་ནང་། སྨན་པ་ལི་ཡི་བཟའ་ཟླ་ཡིས་སྨན་པ་ལི་ནི་ཧ་ཅང་འགན་འཁུར་ཅན་གྱི་སྨན་པ་ཞིག་ཡིན་པ་དང་། སྤྱང་གྲུང་ལྡན་ཞིང་བརྩེ་སེམས་ཅན་གྱི་ཨ་ཕ་ཞིག་ཡིན་པ་དང་། ཁོང་འདས་གྲོངས་སུ་སོང་རྗེས་མོ་ལ་ཁྲག་ཤེད་འཕར་བ་དང་ཁྲག་ཐོན་པ་སོགས་དཀའ་ངལ་མང་དག་ཅིག་བྱུང་སོང་བ་དང་། ཁོང་མོ་དང་ཁོང་གི་ནང་མི་ཚོས་བྱིས་གཉོར་ཁང་དུ་ཡོད་པའི་སྨན་པ་ལི་ཡི་བུ་ཆེ་བར་ཨ་ཕ་ཕྱི་རྒྱལ་ལ་བུད་སོང་སྐོར་བརྗོད་དེ། ཁོང་འདས་གྲོངས་སུ་སོང་བ་ད་དུང་ཡང་བཤད་མེད་སྐོར་བརྗོད་འདུགསྨན་པ་ལི་ནི་རྒྱ་ནག་ནང་ཏོག་དབྱིབས་གཉན་རིམས་ཁྱབ་སྐབས་ཆེས་ཐོག་མར་ཕྱིར་བསྒྲགས་དང་ཉེན་བརྡ་གཏོང་མཁན། སྨན་པ་དང་གསར་འགོད་པ་མི་སྣ་ ༨ ཡོད་པའི་གྲས་ཀྱི་གཙོ་གྲས་ཤིག་ཡིན་པ་དང་། ཁོང་གིས་གནས་ཚུལ་དེ་ཕྱིར་བསྒྲགས་བྱས་རྗེས་རྒྱ་ནག་གཞུང་གིས་དཀྲོག་གཏམ་སྤེལ་བའི་ཉེས་མིང་འོག་འཛིན་བཟུང་དང་འདྲི་རྩད་བྱས་ཏེ། ཁོང་ལ་ཏོག་ནད་ཁྱབ་བསྒྲགས་མི་ཆོག་པའི་ཉེན་བརྡ་དང་ཡི་གེ་སོགས་འབྲི་བཅུག་ཡོད་པར་བརྟེན། རྒྱ་ནག་དང་རྒྱལ་སྤྱིའི་སྟེང་རྒྱ་ནག་གཞུང་གིས་ཏོག་ནད་གནས་ཚུལ་སྦས་གསང་བྱེད་བཞིན་པའི་ཐད་ཁ་རྡུང་དྲག་པོ་ཕོག་ཡོད་པ་རེད།

ཕྱི་ཟླ་ ༢ ཚེས་ ༧ ཉིན་སྨན་པ་ལི་ལགས་ཏོག་ནད་རྐྱེན་གྱིས་འདས་གྲོངས་སུ་སོང་བ་དང་། འཛམ་གླིང་འཕྲོད་བསྟེན་ལྷན་ཚོགས་ཀྱི་ཛ་དྲག་འཕྲོད་བསྟེན་ལས་འཆར་འགན་འཛིན་སྐུ་ཞབས་(Michael Ryan)ལགས་ཀྱིས། ང་ཚོས་འགོས་ནད་གཡུལ་འཐབ་ཁྲོད་ཀྱི་མདུན་མཆོང་བ་ཞིག་འདས་གྲོངས་སུ་སོང་བར་སེམས་གཏིང་ནས་གཟོད་གསོལ་ཞུ་བཞིན་ཡོད་ལ། ང་ཚོས་མ་འོངས་པར་ཁོང་གི་མི་ཚེ་ལ་ཕྱིར་དྲན་དང་འདས་གྲོངས་སུ་སོང་བར་མྱ་ངན་ཞུ་རྒྱུ་ཡིན། རྒྱ་ནག་གཞུང་གིས་མི་མང་གི་ཁ་རྡུང་དང་སྐྱོན་བརྗོད་འགོག་ཆེད་སྨན་པ་ལི་ཡི་སྐོར་ནས་ཞིབ་འཇུག་བྱེད་མཁན་ཆེད་གཏོང་གིས། རྗེས་སུ་གནད་དོན་དེ་ཝུ་ཧན་ས་གནས་མགོ་འཁྲིད་ཚོའི་མགོ་ལ་གཡོག་ཐབས་བྱས་ཡོད་པ་རེད།

ད་ལྟའི་ཆར་སྨན་པ་ལི་ནི་རྒྱ་ནག་གི་སྤྱི་ཚོགས་དྲ་ལམ་ཁག་གི་གླེང་གཞི་ཆེ་ཤོས་སུ་གྱུར་ཡོད་པ་དང་། ཁོང་འདས་གྲོངས་སུ་སོང་རྗེས་རྒྱ་ནག་གི་གཙུག་ལག་སློབ་གྲྭའི་དགེ་རྒན་དང་ཤེས་ཡོན་པ་མང་པོས་རྒྱ་ནག་གཞུང་ལ་ཆེད་དུ་སྙན་ཞུ་ཕུལ་ནས་སྨན་པ་ལི་འདས་གྲོངས་སུ་སོང་བའི་ཉིན་དེ། རྒྱ་ནག་གི་སྨྲ་བརྗོད་རང་དབང་ཉིན་མོར་སྲུང་གཙི་དགོས་པའི་རེ་སྐུལ་ཞུ་བཞིན་ཡོད་པ་དང་། རྒྱལ་སྤྱིའི་སྟེང་རྒྱ་ནག་གཞུང་ལ་སྨན་པ་ལི་ཡི་གནད་དོན་དང་འབྲེལ་སྐྱོན་བརྗོད་ཤུགས་ཆེན་ཡོང་བཞིན་པ་མ་ཟད། ཨ་རིའི་ནང་ཆེད་དུ་སྨན་པ་ལི་ལ་རྗེས་དྲན་ཆེད་རྒྱ་ནག་གི་གཞུང་ཚབ་ཡོད་སའི་སྲང་ལམ་མིང་ལ་སྨན་པ་ལི་ཡི་མིང་ལ་བསྒྱུར་རྒྱུ་ཡིན་པའི་གྲོས་གཞི་འགྲོ་བཞིན་ཡོད་འདུག

གསར་འགོད་པ། སངས་རྒྱས་དཀོན་མཆོག

བསྐྱར་བཅོས།: ༢༠༢༠/༠༦/༡༢

Leave a Reply