ཞི་ཅིན་ཕིན་དང་འཕྲོད་བསྟེན་འགན་འཛིན་ཁྲིམས་གཏུག་བྱས།

རྒྱ་གར་ཁྲིམས་རྩོད་པ་ཞིག་གིས་མུ་དྷི་མཆོག་དང་ཊོམ་ཕུ་མཆོག་གཉིས་དཔང་པོར་མཚན་འདོན་གྱིས་ཞི་ཅིན་ཕིན་དང་རྒྱལ་ཚོགས་འཕྲོད་བསྟེན་འགན་འཛིན་ཊི་དྷི་རོ་སི་གཉིས་ཁྲིམས་གཏུག་བྱས་འདུགཁ་སང་ཕྱི་ཚེས་ ༡༡ ཉིན། རྒྱ་གར་བྷེ་ཧར་མངའ་སྡེ་ནས་ཡིན་པའི་ཁྲིམས་རྩོད་པ་མཱོ་རཱ་དྷི་ཨ་ལའེ(Murad Ali)ཞུ་བ་ཞིག་གིས། ཨ་རིའི་སྲིད་འཛིན་ཊོམ་ཕུ་མཆོག་དང་རྒྱ་གར་གྱི་སྲིད་བློན་མུ་དྷི་མཆོག་གཉིས་དཔང་པོར་མཚན་འདོན་གྱིས། རྒྱ་ནག་གི་མགོ་འཁྲིད་ཞི་ཅིན་ཕིན་དང་མཉམ་འབྲེལ་རྒྱལ་ཚོགས་འཕྲོད་བསྟེན་ལྷན་ཚོགས་ཀྱི་འགན་འཛིན་ཊི་དྷི་རོ་སི་ཨ་དྷི་ནོམ་(Tedros Adhanom Ghebreyesus)གཉིས་ཀྱིས། ཝུ་ཧན་གྲོང་ཁྱེར་ནས་ཁྱབ་གདལ་ཕྱིན་པའི་ཏོག་དབྱིབས་གཉན་རིམས་ཀྱི་གནོད་སྐྱོན་ལ་འགན་འཁུར་དགོས་པའི་ཁྲིམས་གཏུགས་བྱས་ཡོད་འདུག

དེ་འབྲེལ་གནས་ཚུལ་ནང་ཨ་ལའེ་ཡིས་ཕྱི་ལོ་ ༢༠༡༩ ཟླ་ ༡༢ ནང་རྒྱ་ནག་ནས་ཏོག་དབྱིབས་གཉན་རིམས་ཐོག་མར་མཆེད་སྐབས་རྒྱ་ནག་གི་མགོ་འཁྲིད་ཚོས་སྟངས་འཛིན་དང་སྔོན་འགོག་ཡག་པོ་བྱས་མེད་པ་དང་། འཕྲོད་བསྟེན་ལྷན་ཚོགས་ཀྱི་འགན་འཛིན་གྱིས་ཀྱང་རྒྱ་ནག་དང་ལག་འབྲེལ་གྱིས་འཛམ་གླིང་ཡོངས་སུ་ཏོག་ནད་འགོས་ཁྱབ་ཕྱིན་ཡོད་པས། ཏོག་ནད་ཀྱི་འགན་འཁུར་ཚང་མ་ཞི་ཅིན་ཕིན་དང་འཕྲོད་བསྟེན་འགན་འཛིན་གཉིས་ནས་འཁུར་དགོས་སྐོར་བརྗོད་འདུག

ཨ་ལའེ་ཡིས་བྷེ་ཧར་ནུབ་ཕྱོགས་ཀྱི་གྲོང་ཁྱེར་བྷེ་ཊུ་ཧ(Bettiah)ཡི་(Champaran)རྫོང་ཁྲིམས་ཁང་ལ་ཁྲིམས་གཏུག་བྱས་ཡོད་པ་དང་།  རྒྱ་གར་གྱི་རྩ་ཁྲིམས་དོན་ཚན་ ༢༦༩ པ་འགོས་ནད་ཚབས་ཆེན་ཁྱབ་སྤེལ་ཤོར་བའི་འོག་འགན་མ་འཁུར་བའི་ནག་ཉེས་གཙོས། དོན་ཚན་ ༢༧༠། ༢༧༡། ༣༠༢། ༣༠༧། ༥༠། ༥༠༤། བཅས་འགོས་ནད་སྔོན་འགོག་མ་ཐུབ་པ་དང་སྦས་གསང་བྱས་པ། མི་མང་པོའི་ཚེ་སྲོག་འཕྲོག་པ་དང་སྤྱི་བའི་བདེ་འཇགས་ལ་ཉེན་ཁ་བཟོས་པ། མི་མང་གི་དཔལ་འབྱོར་གྱོང་གུད་ཀྱི་ཀུན་གསབ་སྤྲོད་དགོས་པ་སོགས་ཀྱི་ནག་ཉེས་འོག་ཁྲིམས་གཏུག་བྱས་ཡོད་པ་དང་། ཁྲིམས་ཁང་གིས་ཁོང་གི་ཁྲིམས་གཏུག་དེ་ཟླ་འདིའི་ཕྱི་ཚེས་ ༡༦ ཉིན་ཉན་ཞིབ་བྱ་རྒྱུ་ཡིན་འདུག

འདི་ལོའི་ལོ་མགོ་ནས་བཟུང་རྒྱ་ནག་ཝུ་ཧན་ནས་ཁྱབ་གདལ་ཕྱིན་པའི་ཏོག་དབྱིབས་གཉན་རིམས་དང་འབྲེལ། ཨ་རི་དང་རྒྱ་གར། ཨ་ཧྥི་རི་ཁའི་རྒྱལ་ཁབ་ཁག་ནང་ཁྲིམས་རྩོད་པ་དང་ཁྲིམས་ལུགས་ཚོགས་པ་སོགས་ཀྱིས། རྒྱ་ནག་གཞུང་གིས་ཏོག་ནད་ཀྱི་ཐོག་མའི་དུས་སྐབས་ནས་འགན་མ་འཁུར་བ་དང་གནས་ཚུལ་སྦས་གསང་བྱས་ཏེ། འཛམ་གླིང་གི་མི་མང་པོའི་ཚེ་སྲོག་ཤོར་ཡོད་པའི་ནག་ཉེས་འོག རྒྱ་ནག་གཞུང་དང་མགོ་འཁྲིད་ཞི་ཅིན་ཕིན་སོགས་ཐེངས་མང་ལ་ཡུལ་སོ་སོའི་ནང་ཁྲིམས་གཏུག་བྱས་ཡོད་པ་དང་། ད་ལྟའི་ཆར་རྒྱ་གར་ནང་དེ་སྔ་ཁྲིམས་གཏུག་བྱས་པའི་གྱོད་གཞི་ཁ་ཤས་མུ་མཐུད་འགྲོ་བཞིན་ཡོད་པ་དང་། ལ་ཤས་ལ་ཉན་ཞིབ་སྐབས་ཡིག་ཆ་དང་ཞིབ་དཔྱོད་ཀྱི་ཆ་རྐྱེན་མེད་པ་སོགས་ཀྱིས་རྩིས་མེད་བཏང་ཡོད་འདུག

རྒྱལ་སྤྱིའི་སྟེང་རྒྱལ་ཁབ་མང་པོའི་ཁྲིམས་རྩོད་པ་ཚོས་རྒྱ་ནག་གཞུང་ཁྲིམས་གཏུག་བྱེད་བཞིན་པའི་ཐད་གྲུབ་འབྲས་ཐོན་མིན་དང་། གནས་དོན་དེར་དགེ་ཕན་ཡོད་མེད་སོགས་ཀྱི་བསམ་ཚུལ་ཡོང་བཞིན་ཡོད་པ་དང་། གནད་དོན་དབྱེ་ཞིབ་པ་ཚོས་དམངས་གཙོ་དང་ཁྲིམས་སྐྱོང་གི་རྒྱལ་ཁབ་ནང་མི་མང་གིས་རྒྱལ་ཁབ་ཀྱི་རྩ་ཁྲིམས་ལག་བསྟར་གྱིས་ཁྲིམས་གཏུག་བྱ་རྒྱུ་གལ་གནད་ཆེན་པོ་ཆགས་ཡོད་པ་དང། གལ་ཏེ་ཁྲིམས་གཏུག་ཁྲོད་རྒྱ་ནག་ཁྲིམས་ཁ་ནས་ཤོར་བ་ཡིན་ན་ཁྲིམས་གཏུག་ཞུ་སྦྱོར་བའི་རེ་བ་ལྟར། རྒྱལ་ཁབ་དེ་དག་གིས་རྒྱ་ནག་དང་ཕྱི་འབྲེལ་དང་ཚོང་འབྲེལ་གཙོའི་འབྲེལ་ལམ་མང་པོ་རྒྱུན་གཏན་མ་ཡིན་པའི་གནས་སྟངས་ཡོང་སྲིད་པ་དང་། རྒྱལ་ཁབ་མང་པོའི་ནང་དེ་ལྟའི་གནས་སྟངས་བྱུང་བ་ཡིན་ན་རྒྱ་ནག་གི་ཕྱི་འབྲེལ་ལ་དོ་ཕོག་འགྲོ་རྒྱུ་མ་ཟད། ཁྲིམས་གཏུག་བྱས་པ་ཙམ་གྱིས་རྒྱལ་སྤྱིའི་སྟེང་རྒྱ་ནག་གི་ཆེ་མཐོང་དང་སྣང་བརྙན་ལ་གནོན་ཤུགས་ཆེན་པོ་ཞིག་ཆགས་ཡོད་སྐོར་བརྗོད་བཞིན་འདུག

གསར་འགོད་པ། སངས་རྒྱས་དཀོན་མཆོག

བསྐྱར་བཅོས།: ༢༠༢༠/༠༦/༡༢

Leave a Reply