ཨུ་རུ་སུའི་ནང་བོད་སྨན་གྱིས་ཏོག་ནད་འགོག་བཅོས་བྱེད་པར་བཀའ་འཁྲོལ་ཐོབ།

རྒྱ་གར་གཞུང་གི་བཀའ་འཁྲོལ་འོག་ཏོག་དབྱིབས་འགོག་བཅོས་བྱེད་པར་བོད་སྨན་མི་འདྲ་བ་ ༤༨ བེད་སྤྱོད་གཏོང་ཆོག་པའི་ལམ་སྟོན་དང་སྦྲགས་ལྡི་ལི་དང་ལ་དྭགས་སོགས་སུ་ཡོད་པའི་ཏོག་དབྱིབས་ནད་པ་རྣམས་ལ་བོད་སྨན་གྱིས་སྨན་བཅོས་གནང་བཞིན་འདུགཟླ་འདིའི་ཕྱི་ཚེས་ ༩ ཉིན་ཨུ་རུ་སུར་གནས་སྡོད་བོད་རིགས་སྨན་པ་ཡར་འཕེལ་ལགས་ལ་ཨུ་རུ་སུའི་རྒྱལ་ཕྲན་བྷུ་རེ་ཡ་ཐུ་ (Republic of Buryatia) ཡི་འཕྲོད་བསྟེན་ལྷན་ཁང་གིས་ཁུལ་དེའི་ནང་། ཏོག་དབྱིབས་ནད་ཡམས་ལ་བོད་སྨན་གྱིས་སྨན་བཅོས་བྱེད་ཆོག་པའི་ཆོག་མཆན་སྤྲད་དེ་ད་ལྟ་སྨན་བཅོས་བྱེད་བཞིན་ཡོད་འདུག བཀའ་འཁྲོལ་ཐོབ་པའི་ཉིན་མོ་སྟེ་ཕྱི་ཚེས་ ༩ ཉིན་སྨན་པ་ཡར་འཕེལ་ལགས་སྒེར་གྱི་སྐད་འཕྲིན་རྒྱབ་ངོས་སུ། འདི་གའི་གཞུང་གིས་བདག་ལ་ཏོག་དབྱིབས་ནད་པར་བོད་སྨན་སྤྲོད་རྒྱུའི་ཆོག་མཆན་གནང་བ་དང་། དེ་རིང་ནད་པ་བརྒྱ་དང་ཉི་ཤུ་ལ་བོད་སྨན་སྤྲད་པ་ཡིན། ཞེས་བྲིས་འདུག་ལ། ད་ལྟའི་ཆར་བོད་ཀྱི་སྨན་རྩིས་ཁང་ལ་ཨུ་རུ་སུའི་ནང་ཡན་ལག་སྨན་ཁང་ ༦ ཡོད་པའི་ནང་ནས་ཡན་ལག་སྨན་ཁང་གསུམ་ལ་སྨན་པ་ཡོད་པ་དང་། གཞན་གསུམ་ལ་རྒྱུ་རྐྱེན་འདྲ་མིན་གྱིས་སྨན་པ་མེད་འདུག

ཏོག་དབྱིབས་གཉན་རིམས་འཛམ་གླིང་གང་སར་ཁྱབ་གདལ་དུ་ཕྱིན་ཡོད་པ་དང་། བྷུ་རེ་ཡ་ཐུའི་ནང་དུའང་ཕྱི་ཟླ་ ༥ པའི་ཟླ་དཀྱིལ་ཙམ་ནས་ནད་པའི་གྲངས་ཚད་མགྱོགས་མྱུར་ངང་འཕར་བ་དང་། ཕྱི་ལུགས་ཀྱི་སྨན་ལ་གནས་སྐབས་རིང་གཉན་རིམས་དེར་འགོག་བཅོས་བྱེད་པའི་ཆེད་སྤྱོད་སྨན་མེད་པའི་དུས་དང་བསྟུན། ཟླ་གཅིག་ལྷག་གི་གོང་ནས་སྨན་པ་ཡར་འཕེལ་ལགས་ཀྱིས་བྷུ་རེ་ཡ་ཐུའི་སྲིད་འཛིན་ལས་ཁུངས་དང་འཕྲོད་བསྟེན་བློན་ཆེན་གཉིས་ལ་སྙན་ཞུ་ཕུལ་ཏེ། སྤྱི་ཚོགས་ཚན་རིག་ཁང་གིས་ཟླ་གཅིག་ལྷག་ཞིབ་འཇུག་བྱས་རྗེས། གཞུང་གི་སྨན་ཁང་ཆེན་མོ་དང་། སྨན་ཁང་ཨང་གཉིས་པའི་ནང་དུ་ཡོད་པའི་ཏོག་དབྱིབས་ནད་པ་རྣམས་ལ་བོད་སྨན་གྱིས་ཕན་སྐྱེད་གང་ཡོད་ཚོད་བལྟའི་ཆེད་སྐད་བཏང་ནས་སྨན་སྤྲོད་དུ་བཅུག་ཡོད་འདུག

འདི་ག་དུས་བབ་ཀྱི་གསར་འགོད་པས་སྨན་པ་ཡར་འཕེལ་ལགས་སུ་དེའི་སྐོར་དྲིས་པར་ཁོང་གིས། ང་སྐད་བཏང་ནས་ཏོག་དབྱིབས་ནད་པ་ལ་སྨན་སྤྲད་རོགས་གསུང་མཁན་གཞུང་གི་སྨན་ཁང་ཆེན་མོ་གཉིས་རེད། ས་ཆ་འདིར་མཚོན་ན་མི་མང་ངོས་ནས་བོད་ཀྱི་རིག་གཞུང་སྤྱི་དང་། ལྷག་པར་བོད་སྨན་ལ་ཡིད་ཆེས་དང་གདེང་འཇོག་ཚད་མཐོ་པོ་ཡོད་པས། ནད་ཡམས་འདི་མཆེད་པའི་སྐབས་སུའང་གཞུང་གི་སྨན་ཁང་ཆེན་མོའི་འབྲེལ་ཡོད་སྨན་པ་དང་སྤྱི་ཚོགས་ཚན་རིག་ཁང་བར་གོ་བསྡུར་བྱུང་ནས་ང་སྐད་བཏང་བ་རེད། ཅེས་བརྗོད་བྱུང་།ད་ལྟའི་ཆར་སྨན་བཅོས་ཆེད་བོད་སྨན་ག་རེ་བསྟེན་བཞིན་ཡོད་སྐོར་དྲིས་པར་སྨན་པ་ཡར་འཕེལ་ལགས་ཀྱིས། སྨན་ལ་མཚོན་ན་བོད་ཀྱི་གསོ་བ་རིག་པའི་གཉན་རིམས་བཅོས་ཐབས་ནང་གསུངས་པའི་དང་པོ་གཉན་གྱི་རི་བོ་བསྙིལ་བ་དང་། བར་དུ་ཚད་པའི་མེ་དབལ་གསོད་པ། མཐའ་མར་རླུང་འཇོམས་ལུས་ཟུངས་གསོ་བའི་རིམ་པ་རྩ་དོན་དུ་བཟུང་སྟེ་སྨན་བཅོས་བྱེད་བཞིན་ཡོད་ལ། སྨན་དེ་ཡང་སྨན་རྩིས་ཁང་གི་སྨན་པ་རྒན་གྲས་མཉམ་དུ་གོ་བསྡུར་དང་སློབ་སྟོན་ཞུས་ཏེ་གཏོང་བཞིན་པ་ཡིན། ཞེས་བརྗོད་བྱུང་།

ཡང་མ་འོངས་པར་ཏོག་དབྱིབས་སྨན་བཅོས་སྐོར་ནས་འཆར་གཞི་གང་ཡོད་སྐོར་དྲིས་པར་ཁོང་གིས། རྒྱ་ནག་ཝུ་ཧན་གྱི་ཏོག་དབྱིབས་གཉན་རིམས་འདི་ཁྱབ་གདལ་ཕྱིན་པ་ནས་བཟུང་། བོད་ནང་དང་། ཨ་རི། ཁ་ན་ཌ། རྒྱ་གར་སོགས་སུ་ཏོག་དབྱིབས་འདི་ལ་བོད་སྨན་གྱིས་ཕན་སྐྱེད་ཡག་པོ་འབྱུང་བཞིན་པ་ཡོངས་གྲགས་ཆགས་ཡོད་ནའང་། ཕྱིའི་ལུང་པ་དེ་དག་ནང་ཁྲིམས་དང་སྒྲིག་གཞི། བོད་སྨན་ལ་གནས་ཡུལ་རྒྱལ་ཁབ་དང་མངའ་སྡེ་གཞུང་ནས་ངོས་ལེན་ཡོད་མེད་ཀྱི་དཀའ་ངལ་སྣ་ཚོགས་དབང་གིས་བོད་སྨན་ལག་ལེན་བྱེད་མཁན་སྨན་པ་རྣམས་ལ་བྱེད་ཁག་པོ་ཆགས་ཡོད་པ་རེད་བསམ་གྱི་འདུག ས་གནས་འདིར་བོད་སྨན་ལག་ལེན་བྱེད་མི་ཆོག་པའི་བཀག་རྒྱ་མེད་ལ། ང་རང་ལ་མཚོན་ན། ལོ་བཅོ་ལྔའི་གོང་ནས་གཞུང་རང་གིས་བོད་སྨན་ལག་ལེན་བྱེད་ཆོག་པའི་ལག་འཁྱེར་ཡང་ཡོད། ད་ཐེངས་ཏོག་དབྱིབས་གཉན་རིམས་འདི་ལ་བོད་སྨན་གྱི་ཕན་སྐྱེད་བྱུང་བའི་བདེན་དཔང་ར་སྤྲོད་བྱེད་ཐུབ་པ་ཡིན་ན། བོད་སྨན་དེ་འཛམ་གླིང་སྡིངས་ཆའི་སྒང་ནས་ཆེ་མཐོང་ཆེ་རུ་འགྲོ་རྒྱུ་དང་། བེད་སྤྱོད་ཀྱི་མདུན་ལམ་ཡངས་པོ་ཆགས་རྒྱུ་ཙམ་དུ་མ་ཟད། བོད་མི་རིགས་ཀྱི་མཚན་མཐོང་ལ་རྒྱ་དང་རྩ་དོན་ལའང་ཕན་ཐོགས་ངེས་ཅན་འབྱུང་ངེས་ཡིན་པ་ཡིད་ཆེས་པའི་ཐོག་ནས་ཏོག་དབྱིབས་ནད་པ་རྣམས་ལ་སྨན་རིན་མ་བླངས་པར་སྨན་སྦྱིན་བཏང་ཡོད་ལ། ད་དུང་མུ་མཐུད་ནས་གང་ཡོང་འབད་བརྩོན་ཞུ་རྒྱུ་དང་། བདེན་དཔང་དང་རྒྱབ་གཉེར་ཡིག་ཆ་ཁག་ཉར་ཚགས་བྱེད་འཆར་ཡོད། ཅེས་བརྗོད་བྱུང་།

བོད་ཀྱི་སྨན་རྩིས་ཁང་གི་འགན་འཛིན་བཀྲ་ཤིས་ཚེ་རིང་ལགས་ཀྱིས་འདི་གའི་གསར་འགོད་པར། རྒྱ་གར་ནང་ཏོག་དབྱིབས་འགོག་བཅོས་བྱེད་ཐབས་སུ་སྨན་རྩིས་ཁང་གི་སྨན་སྤྱོད་ཀྱི་ཡོད་འདུག ད་ལྟའི་ཆར་རྒྱལ་ས་ལྡི་ལིའི་ནང་བོད་རིགས་ཏོག་དབྱིབས་ནད་པ་ ༣ དང་ལ་དྭགས་སུ་ནད་པ་ ༣། དྷ་ལ་ཧོ་སི་ (Dalhousie) རུ་ནད་པ་གྲངས་ ༢། མོན་རྟ་དབང་དུ་གཅིག་བཅས་ལ་རྒྱ་གར་གཞུང་ལ་སྨན་སྦྱིན་གྱི་ཆོག་མཆན་ཞུས་ཐོག ནད་པར་གན་རྒྱ་བཞག་སྟེ་སྨན་བཅོས་བྱེད་ཀྱི་ཡོད་པ་དང་།  ཏོག་དབྱིབས་འགོག་བཅོས་བྱེད་ཐབས་སུ་སྨན་རྩིས་ཁང་གི་ངོས་ནས་སྨན་མི་འདྲ་བ་ ༤༨ ཙམ་བེད་སྤྱོད་གཏོང་ཆོག་པའི་ལམ་སྟོན་གནང་ཡོད་སྐོར་གསུངས་བྱུང་།སྨན་པ་ཡར་འཕེལ་ལགས་ཀྱིས་ཨུ་རུ་སུའི་ནང་སྨན་པའི་ཕྱག་ལས་གནང་སྟེ་མི་ལོ་ ༢༠ ལྷག་འགྲོ་ཡི་ཡོད་འདུག་ལ། ཨུ་རུ་སུའི་རྒྱལ་ཕྲན་བྷུ་རེ་ཡ་ཐུའི་སྤྱི་ཚོགས་ཚན་རིག་ཁང་དུ་མི་ལོ་ ༡༥ ཙམ་ལ་ཕྱག་ལས་གནང་བ་དང་། ཁོང་ལ་ཁུལ་དེར་ཆེ་བསྟོད་དང་གཟེངས་རྟགས། ཐུགས་རྗེ་ཆེ་ཞུའི་ལག་ཁྱེར་སོགས་སྣ་མང་ཞིག་ཐོབ་ཡོད་པ་མ་ཟད། ཕྱི་ལོ་ ༢༠༡༩ ལོར་རྒྱལ་ཕྲན་དེའི་ཆེ་བསྟོད་ཀྱི་གཟེངས་རྟགས་མཐོ་ཤོས་ (Medal of Merit) ཀྱང་ཐོབ་སྟེ། རྒྱལ་སྤྱིའི་སྨན་པའི་ཉིན་མོར་སྲིད་འཛིན་གྱིས་དངོས་སུ་གཟེངས་བསྟོད་གནང་ཡོད་འདུག དེ་བཞིན་ཁོང་གིས་བོད་ལུགས་ཀྱི་ལག་རྩ་བརྟག་ཐབས་དང་འབྲེལ་ཞབས་འདེགས་ཆེན་པོ་བསྒྲུབས་དང་སྒྲུབ་བཞིན་ཡོད་སྟབས། ཁུལ་དེའི་སྤྱི་ཚོགས་ཚན་རིག་ཁང་གིས་གཟེངས་རྟགས་གཉིས་གནང་ཡོད་འདུག དེང་སྐབས་ཁོང་གི་སྨན་ཁང་དུ་བོད་ཕྱི་ནང་གཉིས་ནས་སྤྱོད་བཞིན་པའི་སྨན་ཕལ་ཆེ་བ་ཡོད་འདུག་ལ། དེ་དག་ལས་མང་ཆེ་བ་ཁོང་གིས་བཟོ་བཞིན་པ་དང་། དུག་འདོན་དང་བཙོ་བསྲེག་གཡའ་ཕྱི་རྙོག་འཛིང་ཆེ་བའི་རིགས་སྨན་རྩིས་ཁང་གི་སྨན་རམས་པ་ཆོས་ལོ་ཐར་ལགས་གདན་ཞུས་གྱིས་སྦྱོར་བཟོ་བྱེད་བཞིན་ཡོད་འདུག་ལ། སྨན་རེ་ཟུང་བོད་ནང་དང་རྒྱ་གར་ནས་ཉོ་བཞིན་ཡོད་འདུགའདི་ལོར་ཏོག་དབྱིབས་གཉན་རིམས་གང་སར་ཁྱབ་པའི་མགོ་བརྩམས་པ་དང་བསྟུན། བཞུགས་སྒར་དྷ་རམ་ས་ལའི་བོད་ཀྱི་སྨན་རྩིས་ཁང་དང་སྨན་པ་སྐལ་བཟང་དོན་ལྡན་གྱི་སྨན་ཁང་སོགས་ནས་རིམས་སྲུང་རིལ་བུ་ཚོང་འགྲེམས་དང་སྦྱིན་གཏོང་གནང་ཡོད་ཀྱང་། འདི་ལོའི་ཕྱི་ཟླ་ ༢ ཚེས་ ༡༧ ཉིན་རྒྱ་གར་ཧི་མ་ཅལ་མངའ་སྡེ་ཀང་རཱ་རྫོང་གིས་ས་གནས་སུ་རིམས་སྲུང་རིལ་བུ་བཙོང་མི་ཆོག་པའི་བཀོད་ཁྱབ་ཞིག་བཏང་སྟབས། སྨན་རྩིས་ཁང་གིས་རིམས་སྲུང་རིལ་བུ་བཙོང་རྒྱུ་མིན་པ་ཡིག་ཐོག་ནས་གསལ་བསྒྲགས་སྤེལ་ཡོད་པ་རེད།

གསར་འགོད་པ། ཀླུ་མགོན་ཐར་ནས།

བསྐྱར་བཅོས།: ༢༠༢༠/༠༦/༡༢

Leave a Reply