བོད་ནང་ཆོས་དད་རང་དབང་ཐད་སྔར་ལས་དམ་དྲག་ཆེན་པོ་བྱེད་ཀྱི་འདུག

ཨ་རིའི་ཕྱི་ལོ་ ༢༠༡༩ ལོའི་རྒྱལ་སྤྱིའི་ཆོས་དད་རང་དབང་ལྷན་ཚོགས་ཀྱི་སྙན་ཐོའི་ནང་བོད་རང་སྐྱོང་ལྗོངས་དང་བོད་ཀྱི་ས་ཁུལ་གཞན་ནང་ཆོས་ཉམས་ལེན་བྱས་པའི་རྒྱུ་མཚན་གྱིས་བོད་མི་རྣམས་གར་སོང་ཆ་མེད་དང་འཛིན་བཟུང་། མནར་གཅོད། ཁྲིམས་ཞིབ་མེད་པར་ཡུན་རིང་བཀག་ཉར་བྱེད་ཀྱི་ཡོད་སྐོར་གསལ་འདོན་གནང་འདུག ཟླ་འདིའི་ཕྱི་ཚེས་ ༡༠ ཉིན་ཨ་རིའི་རྒྱལ་སྤྱིའི་ཆོས་དད་རང་དབང་ལྷན་ཚོགས་ཀྱིས། ཕྱི་ལོ་ ༢༠༡༩ ལོའི་འཛམ་གླིང་གི་ཆོས་དད་རང་དབང་གི་གནས་སྟངས་སྐོར་གྱི་སྙན་ཐོ་ཞིག་བཏོན་པའི་ནང་། རྒྱ་ནག་གཞུང་གིས་བོད་གཙོ་བོར་གྱུར་བའི་རྒྱ་ནག་རྒྱལ་ཡོངས་ནང་ཆོས་དད་རང་དབང་ཐད་དམ་དྲག་སྔར་བས་ཤུགས་ཆེར་བྱེད་བཞིན་ཡོད་པ་གསལ་སྟོན་བྱས་ཡོད་འདུག་ལ། སྙན་ཐོ་དབུ་འབྱེད་སྐབས་ཨ་རིའི་རྒྱལ་སྲིད་དྲུང་ཆེ་མེག་པོམ་པིའོ་ (Mike Pompeo) མཆོག་གིས། རྒྱ་ནག་གཞུང་གིས་མུ་མཐུད་ཆོས་དད་ཅན་ཚང་མར་དྲག་གནོན་བྱེད་ཤུགས་ཆེ་རུ་འགྲོ་བཞིན་ཡོད་པ་དང་། རྒྱ་ནག་དམར་ཤོག་ཚོགས་པས་ད་ལྟ་རྒྱ་ནག་ནང་གི་ཆོས་ལུགས་ཚོགས་སྡེ་ཁག་ལ་དམར་ཤོག་ཚོགས་པའི་དབང་ཆ་ངོས་ལེན་བྱེད་དགོས་པའི་བཙན་བཀའ་གཏོང་གི་ཡོད་པ་མ་ཟད། ཁོ་ཚོའི་ཆོས་ལུགས་དད་མོས་དང་ཉམས་ལེན་ནང་དམར་ཤོག་ཚོགས་པའི་ལྟ་སྤྱོད་འཇུག་གི་ཡོད་པ། ཤིན་ཅང་ཁུལ་དུ་ཡུ་གུར་རྣམས་བཀག་བཀྱིལ་ཁང་དུ་བཙོན་འཇུག་བྱེད་བཞིན་པ་ལྟར། བོད་མི་དང་ནང་པའི་རྗེས་འབྲང་བ། ཆོས་འཁོར་རྩ་རླུང་སྒོམ་སྒྲུབ་པ། ཡེ་ཤུ་བཅས་ལའང་དྲག་གནོན་བྱེད་ཀྱིན་ཡོད་སྐོར་འགྲེལ་བརྗོད་གནང་སོང་།

དེ་བཞིན་གསར་འགོད་ལྷན་ཚོགས་ཐོག་ཨ་རིའི་རྒྱལ་སྤྱིའི་ཆོས་དད་རང་དབང་གི་ཆེས་མཐོའི་སྐུ་ཚབ་སེ་མུལ་བྷི་རོན་བྷག་ (Samuel D. Brownback)ལགས་ཀྱིས། རྒྱ་ནག་གཞུང་གིས་ཤིན་ཅང་ཁུལ་དུ་ཡོད་པའི་ཡུ་གུར་རྣམས་བཙོན་གྲོལ་བཏང་ཡོད་སྐོར་བཤད་པ་དེར།  ཚོགས་ཆུང་ལ་ད་ལྟའི་ཆར་དེའི་ཐད་དཔང་རྟགས་གང་ཡང་རྙེད་མེད་ཀྱང་། བཀག་དཀྱིལ་ཁང་ནས་བཙོན་པ་རྣམས་བཟོ་གྲྭ་གཞན་དུ་སྤོས་ཏེ་བཙན་གྱིས་ངལ་རྩོལ་བྱེད་དུ་བཅུག་པའི་གནས་ཚུལ་མང་པོ་བྱུང་ཡོད་སྐོར་དང་། གལ་ཏེ་བཀག་དཀྱིལ་ཁང་ནས་གློད་པའི་དབང་དུ་བཏང་ནའང་། རྒྱ་ནག་ཧྲིལ་པོ་བཙོན་ཁང་གི་ཚུལ་དུ་ཡོད་པས། ཁོ་ཚོར་དོགས་ཟོན་ལྟ་རྟོག་བརྒྱུད་རང་གི་ཆོས་ལུགས་ཉམས་ལེན་བྱ་རྒྱུར་བཀག་སྡོམ་ཡོད་སྐོར་སོགས་བརྗོད་ཡོད་འདུགཕྱི་ལོ་ ༢༠༡༩ ལོའི་བོད་ནང་གི་ཆོས་དད་རང་དབང་གི་གནས་སྟངས་སྐོར་ལ་སྙན་ཐོའི་ནང་། བོད་རང་སྐྱོང་ལྗོངས་དང་བོད་ཀྱི་ས་ཁུལ་གཞན་ནང་ཆོས་ཉམས་ལེན་བྱས་པའི་རྒྱུ་མཚན་གྱིས། བོད་མི་རྣམས་གར་སོང་ཆ་མེད་དང་། འཛིན་བཟུང་། མནར་གཅོད། བཤུ་གཞོག ཐ་ན་རྩུབ་སྤྱོད་དང་། ཁྲིམས་བཤེར་བྱ་རིམ་མེད་པར་ཡུན་རིང་བཀག་ཉར་བྱེད་པའི་གནས་ཚུལ་ཐོན་མུས་ཡིན་སྐོར་དང་། འདས་ལོར་རྒྱ་ནག་གཞུང་གིས་བོད་མི་དགེ་བཙུན་རྣམས་ངེས་པར་དུ་ཆབ་སྲིད་སློབ་གསོའི་ནང་ཞུགས་དགོས་པའི་ཁྲིམས་སྒྲིག་དེ་ལག་བསྟར་མུ་མཐུད་བྱས་ཡོད་པ་མ་ཟད། བོད་ཁུལ་གྱི་དགོན་སྡེ་ཆེ་ཁག་ཕལ་ཆེ་བའི་ནང་ཆེད་མངགས་ཆབ་སྲིད་སློབ་གསོ་སྤྲོད་ཡུལ་བཙུགས་ཡོད་འདུག

གཞན་ཡང་བོད་བརྒྱུད་ནང་བསྟན་གྱི་སྤྲུལ་སྐུའི་གནས་སྟངས་དང་འབྲེལ་ཏེ་སྙན་ཐོའི་ནང་། རྒྱ་ནག་གཞུང་གིས་མུ་མཐུད་བོད་བརྒྱུད་ནང་བསྟན་གྱི་སྤྲུལ་སྐུ་ངོས་འཛིན་བྱེད་ཕྱོགས་ཙམ་དུ་མ་ཟད། ཁོང་ཚོའི་ཆོས་སྲིད་ཀྱི་བྱ་འགུལ་ཡོད་ཚད་ལ་སྟངས་འཛིན་བྱེད་མུས་ཡིན་པ་དང་། ཕྱི་ལོ་ ༢༠༡༨ ལོའི་བར་རྒྱ་ནག་གཞུང་གིས་ངོས་འཛིན་བྱས་པའི་བོད་བརྒྱུད་ནང་བསྟན་གྱི་སྤྲུལ་སྐུ་ ༡༣༡༡ བྱུང་བའི་ཁྲོད་དུ། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ཚུད་མེད་པ་དང་། སྤྲུལ་སྐུའི་ངོས་འཛིན་ཐོབ་པར་རྒྱ་ནག་དམར་ཤོག་ཚོགས་པར་ཡིད་ཆེས་དང་། སྤྱི་ཚོགས་བརྟན་བརླིང་སྲུང་སྐྱོབ། ༧གོང་ས་མཆོག་གི་དབུས་པའི་ཁ་བྲལ་སྟོབས་ཤུགས་ལ་ངོ་རྒོལ་ཡོད་པའི་རྣམ་པ་བསྟན་དགོས་སྐོར། དེ་བཞིན་བོད་རང་སྐྱོང་ལྗོངས་སོགས་ཀྱི་ས་གནས་སྲིད་གཞུང་གིས་བོད་བརྒྱུད་ནང་བསྟན་གྱི་གནའ་ཤུལ་རིག་དངོས་དང་། དགོན་པ་སོགས་གཞུང་གི་དངོས་རྫས་ཁྲོད་དུ་བཞག་ཡོད་སྐོར་སོགས་བཀོད་ཡོད་འདུག གཞན་ཡང་འདི་ལོའི་སྙན་ཐོའི་ནང་རྒྱ་གཞུང་གི་དྲག་གནོན་སྲིད་བྱུས་ལ་ངོ་རྒོལ་གྱིས་རང་ལུས་མེར་སྲེག་གནང་མཁན་རྔ་བ་ཀིརྟི་དགོན་པའི་གྲྭ་ཟུར་ཡོན་ཏན་ལགས་དང་། དེ་བཞིན་༧པཎ་ཆེན་རིན་པོ་ཆེ་གློད་གྲོལ་དགོས་པའི་ཁྲོམ་སྐོར་ལས་འགུལ་སྤེལ་མཁན་དབང་ཆེན་ལགས་ཀྱི་གཙོས་རྒྱའི་བཙོན་འོག་ཏུ་ཡོད་པའི་བོད་མི་དང་། གར་སོང་ཆ་མེད་དུ་གྱུར་བའི་བོད་མིའི་སྐོར་བཀོད་ཡོད་འདུག

བོད་སྐོར་སྙན་ཐོའི་མཐའ་མཇུག་དེར། ཨ་རིའི་གཞུང་ངོས་ནས་རྒྱ་ནག་ཏུ་ཡོད་པའི་ཨ་རིའི་གཞུང་ཚབ་ཁང་བརྒྱུད་བོད་ནང་གི་བོད་མི་ཚོར་དམིགས་ཏེ། རྒྱ་ནག་ནང་བཀོལ་སྤྱོད་ཐུབ་པའི་ཨ་རིའི་གཞུང་ཚབ་གྱི་གཞུང་འབྲེལ་དྲ་རྒྱ། དེ་བཞིན་རྒྱ་ནག་གི་ཝེ་པོ་དྲ་བ་དང་། སྐད་འཕྲིན་བཅས་ནང་བོད་ཀྱི་ཆོས་དད་རང་དབང་སྐོར་གྱི་གནས་ཚུལ་མི་ཉུང་བ་ཞིག་བརྒྱུད་བསྒྲགས་བྱས་ཡོད་སྐོར་བརྗོད་འདུག འདས་ལོའི་ཕྱི་ཟླ་ ༡༠ པའི་ནང་བོད་ཀྱི་ཟློས་གར་ཚོགས་པ་དབུ་བརྙེས་ནས་ལོ་ངོ་ ༦༠ འཁོར་བའི་དུས་དྲན་མཛད་སྒོའི་ཐོག ཨ་རིའི་རྒྱལ་སྤྱིའི་ཆོས་དད་རང་དབང་གི་ཆེས་མཐོའི་སྐུ་ཚབ་སེ་མུལ་བྷི་རོན་བྷག་ལགས་བཞུགས་སྒར་དྷ་སར་ཆེད་ཕེབས་ཀྱིས། བོད་ནང་གི་བོད་མི་ཚོའི་ཆོས་དད་རང་དབང་ནི་གཞི་རྩའི་ཐོབ་ཐང་ཞིག་ཡིན་སྟབས། རྒྱ་ནག་གཞུང་གིས་དེ་ཉིད་རྡོག་རོལ་གཏོང་བཞིན་པར་ངོ་རྒོལ་དང་། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་དབུས་པའི་བོད་བརྒྱུད་ནང་བསྟན་གྱི་སྤྲུལ་སྐུ་ངོས་འཛིན་བྱེད་ཕྱོགས་ཐད་བོད་མི་ཁོ་ན་ལས་རྒྱ་ནག་གཞུང་ལ་ཐེ་བྱུས་བྱ་རྒྱུའི་ཐོབ་ཐང་མེད་སྐོར་གྱི་གསུང་བཤད་གནང་ཡོད་པ་རེད།

རྒྱལ་སྤྱིའི་ཆོས་དད་རང་དབང་གི་ལོ་འཁོར་སྙན་ཐོ་འདི་ནི་ཨ་རིའི་ ༡༩༩༨ ལོའི་རྒྱལ་སྤྱིའི་ཆོས་དད་རང་དབང་ཁྲིམས་ཡིག་གི་དགོངས་དོན་བཞིན་འདོན་གྱི་ཡོད་ཅིང་། ཕྱི་ལོ་ ༡༩༩༩ ལོ་ནས་བཟུང་ཨ་རིས་ཆོད་དད་རང་དབང་བརྡལ་བཤིག་ཚབས་ཆེན་བཏང་པའི་ངོས་འཛིན་འོག་རྒྱ་ནག་དེ་ཆོས་དད་རང་དབང་ཐད་བློ་འཚབ་ཡོད་པའི་རྒྱལ་ཁབ་ (Country of Particular Concern) ཀྱི་ཁོངས་སུ་བཅུག་ཡོད་ཅིང་། འདས་ལོའི་ཕྱི་ཟླ་ ༡༢ ཚེས་ ༡༨ ཉིན་ཨ་རིའི་རྒྱལ་སྲིད་དྲུང་ཆེ་མེག་པོམ་པིའོ་མཆོག་གིས་རྒྱ་ནག་དེ་མུ་མཐུད་ཆོས་དད་རང་དབང་མེད་པའི་རྒྱལ་ཁབ་ཏུ་ངོས་འཛིན་གྱིས། ཨ་རི་ནས་རྒྱ་ནག་ལ་ཉེས་ཅན་འཇུ་བཟུང་དང་དོ་དམ་ལ་མཁོ་བའི་འཕྲུལ་ཆ་རིགས་ཕྱིར་འདྲེན་བྱ་རྒྱུ་སྔར་རྒྱུན་བཞིན་བཀག་ཡོད་པ་རེད།

གསར་འགོད་པ། པ་སངས་ཚེ་རིང་།

བསྐྱར་བཅོས།: ༢༠༢༠/༠༦/༡༢

Leave a Reply