རྒྱ་ནག་བཅིངས་གྲོལ་དམག་གི་གསང་ཉུལ་བ་ཞིག་ཨ་རིས་འཛིན་བཟུང་བྱས།

རྒྱ་ནག་བཅིངས་གྲོལ་དམག་གི་མཐོ་རིམ་ལས་བྱེད་ཞིན་ཝང་ཟེར་བ་ཞིག་གིས་གསང་ཉུལ་གྱི་བྱ་བ་བསྒྲུབས་ཡོད་པའི་དོགས་གཞིའི་འོག་ཨ་རི་ནས་འཛིན་བཟུང་བྱས་ཡོད་འདུག

རྒྱ་ནག་ལྷོ་རྒྱུད་ཞོགས་པའི་ཆ་འཕྲིན་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཟླ་འདིའི་ཕྱི་ཚེས་ ༦ ཉིན་རྒྱ་ནག་མི་དམངས་བཅིངས་གྲོལ་དམག་གི་ལས་བྱེད་ཞིན་ཝང་ (Xin Wang)ཟེར་བ་ཞིག་གིས། ཨ་རིའི་ཁ་ལི་ཧྥོ་ནི་ཡ་(University of California)གཙུག་ལག་སློབ་གྲྭ་ཆེན་མོའི་ནང་གི་ཚན་རིག་ཞིབ་འཇུག་དང་འབྲེལ་བའི་གནས་ཚུལ་རྐུ་འཁྱེར་བྱས་ཏེ།  ཕྱིར་རྒྱ་ནག་ལ་ལོག་རྩིས་ཡོད་པ་གནམ་ཐང་ནས་འཛིན་བཟུང་བྱས་ཡོད་པ་དང་། ཁ་སང་ཨ་རིའི་ཁྲིམས་དོན་ལྷན་ཁང་གིས། ཞིན་ཝང་ཟེར་བ་དེས་ཐོག་མར་ཨ་རིར་ཡོང་བར་ཐོངས་མཆན་ཞུ་ཕྱོགས་སྐོར་རྫུན་བཟོ་བྱས་ཡོད་པ་དང་། གལ་སྲིད་ནག་ཉེས་གཞན་བཟོས་ཡོད་ཚེ་ལོ་ ༡༠ བཙོན་འཇུག་དང་ཨ་སྒོར་ ༢༥༠༠༠༠ བཅས་ཀྱི་ཁྲིམས་ཆད་འབབ་སྲིད་སྐོར་བརྗོད་ཡོད་པ་རེད།

ཨ་རིའི་གསང་བའི་ལས་ཁུངས་ (FBI) ཀྱི་ཞིབ་འཇུག་ལྟར་ན། ཞིན་ཝང་ཟེར་བ་དེ་རྒྱ་ནག་མི་དམངས་བཅིངས་གྲོལ་དམག་གི་དཔོན་རིགས་ཤིག་ཡིན་པ་དང་། ད་ལྟའང་བཅིངས་གྲོལ་དམག་ཁོངས་ནས་གླ་ཆ་སྤྲོད་ཀྱི་ཡོད་འདུག་ལ། ཕྱི་ལོ་ ༢༠༡༨ ལོར་ཨ་རིར་ཐོངས་མཆན་ཞུ་སྐབས། ཁོས་བཅིང་གྲོལ་དམག་མིར་སྲི་ཞུ་སྒྲུབ་ཡོད་པ་གསང་རྒྱ་བྱས་ཏེ། ཁ་ལོ་ཧྥོ་ནི་ཡ་གཙུག་ལག་སློབ་གྲྭ་ཆེན་མོའི་ནང་ཞིབ་འཇུག་ཅིག་གི་སླད་ཡོང་གི་ཡོད་སྐོར་བརྗོད་ཡོད་འདུག

ཨ་རིའི་ཉེན་རྟོག་པས་ཞིན་ཝང་ལ་འདྲི་གཅོད་བྱེད་སྐབས། རྒྱ་ནག་ནང་ཡོད་པའི་མགོ་འཁྲིད་ཀྱི་ལམ་སྟོན་འོག ཁོ་རྒྱ་ནག་ནང་ཕྱིར་ལོག་སྟེ། ཁ་ལི་ཧྥོ་ནེ་ཡ་གཙུག་ལག་སློབ་གྲྭ་ཆེན་མོའི་ཞིབ་འཇུག་ལྟེ་གནས་ཁང་དང་གཅིག་མཚུངས་ཀྱི་ཞིབ་འཇུག་ལྟེ་གནས་ཁང་ཞིག་རྒྱ་ནག་མི་དམངས་བཅིངས་གྲོལ་དམག་གི་གཙུག་ལག་སློབ་གྲྭ་ཆེན་མོའི་ནང་འཛུགས་རྒྱུ་བྱས་ཡོད། ཅེས་བརྗོད་ཡོད་སྐོར་དང་།  ཞིན་ཝང་ཕྱི་ལོ་ ༢༠༡༨ ལོར་ཨ་རིར་ཡོང་སྟེ་འདས་པའི་ལོ་ ༢ ལྷག་ཙམ་རིང་ཁ་ལི་ཧྥོ་ནེ་ཡ་གཙུག་ལག་སློབ་གྲྭ་ཆེན་མོའི་ནང་ཞིབ་འཇུག་དང་འབྲེལ་བའི་གནས་ཚུལ་ཐོག་རྒྱུས་ལོན་བྱས་ཡོད་འདུག

ཨ་རིའི་ཁྲིམས་དོན་ལྷན་ཁང་ལྟར་ན། ཞིན་ཝང་རྒྱ་ནག་ནང་མ་ལོག་གོང་ཏག་ཏག་དེར་ཡིག་ཟམ་དང་སྐད་འཕྲིན་སོགས་བརྒྱུད་ཁ་ལི་ཧྥོ་ནེ་ཡ་གཙུག་ལག་སློབ་ཆེན་སྐོར་གྱི་གནས་ཚུལ་མང་པོ་རྒྱ་ནག་བཅིང་གྲོལ་དམག་མིར་བསྐུར་ཡོད་པ་དང་། གནམ་ཐང་ནས་ཁོ་འཛིན་བཟུང་བྱས་པ་དང་ཁ་པར་སོགས་ཞིབ་བཤེར་གཏོང་སྐབས། ཁོས་སྐད་འཕྲིན་དང་ཡིག་ཟམ་ནང་གི་ཡིག་འབྲེལ་ཚང་མ་ནག་གསུབ་བཏང་ཚར་ཡོད་འདུག  ཨ་རིའི་རྒྱལ་སྲིད་བདེ་འཇགས་དང་འབྲེལ། ཨ་རིའི་གཙུག་ལག་སློབ་གཉེར་ཁང་དང་རྒྱ་ནག་གི་དམག་མིའི་བར་འགལ་ཟླ་རིམ་པ་བྱུང་ཡོད་པ་དང་། འདི་ལོའི་ཕྱི་ཟླ་ ༥ ཚེས་ ༢༩ ཉིན་ཨ་རིའི་སྲིད་འཛིན་ཊོམ་ཕུ་མཆོག་གིས། རྒྱ་ནག་དམག་གི་ལྷན་ཁང་ཁག་ལ་ཨ་རིའི་ཚན་རྩལ་ཤེས་རིག་སོགས་རྐུ་འཁྱེར་བྱེད་མཁན་རྒྱ་ནག་གི་ཉམས་ཞིབ་པ་དང་། སློབ་མཐར་ཕྱིན་པའི་སློབ་མ་རྣམས་ཨ་རིར་ཡོང་རྒྱུ་བཀག་སྡོམ་བྱེད་དགོས་ཡོད། ཅེས་གསུངས་ཡོད་པ་དང་། བཀའ་རྒྱ་དེ་ནི་ཟླ་འདིའི་ཚེས་ ༡ ཉིན་ནས་དངོས་སུ་ལག་བསྟར་བྱེད་མགོ་བརྩམས་ཡོད་འདུག

གསར་འགོད་པ། སྐལ་བཟང་སྦྱིན་པ།

བསྐྱར་བཅོས།: ༢༠༢༠/༠༦/༡༢

Leave a Reply