གདན་སའི་སོག་རིགས་སློབ་གཉེར་བ་མང་པོ་ཕྱིར་རང་ཡུལ་དུ་ལོག

རྒྱ་གར་ལྷོ་ཕྱོགས་ཀྱི་འབྲས་སྤུངས་དགོན་དུ་སློབ་གཉེར་གནང་བཞིན་པའི་སོག་པོའི་དགེ་འདུན་པ་ ༢༢༠ སྡེབ་གཅིག་ལ་སོག་ཡུལ་དུ་ལོག་དགོས་བྱུང་།ཟླ་འདིའི་ཕྱི་ཚེས་༡༢ ཉིན་རྒྱ་གར་ལྷོ་ཕྱོགས་མོན་གྷོ་འདོད་རྒུ་གླིང་བོད་མིའི་གཞིས་ཆགས་ཁུལ་དུ་རྟེན་གཞི་བྱས་པའི་བྱེས་ཀྱི་གདན་ས་ཆེན་པོ་དཔལ་ལྡན་འབྲས་དཀར་སྤུངས་པའི་སྒོ་མང་གྲྭ་ཚང་གི་སོག་པོ་ཁལ་ཁ་མི་ཚན་དུ་ཡོད་པའི་སོག་རིགས་སློབ་གཉེར་བ་གྲངས་ ༢༢༠  སོག་ཡུལ་གཞུང་གིས་ཆེད་དུ་གནམ་གྲུ་ཆེད་གཏོང་གིས་གྷོ་བ་གནམ་ཐང་ནས་སོག་ཡུལ་དུ་ཕྱིར་ལོག་བྱས་འདུག

འདི་ག་བོད་ཀྱི་དུས་བབ་གསར་འགོད་པས་དེའི་སྐོར་ལ་འབྲས་སྤུངས་སྒོ་མང་གྲྭ་ཚང་གི་མཁན་རིན་པོ་ཆེ་བློ་བཟང་རྒྱལ་མཚན་ལགས་སུ་དགེ་འདུན་པ་དེ་དག་ཕྱིར་ལོག་གནང་དགོས་དོན་སྐོར་ཞལ་པར་བརྒྱུད་བཀའ་འདྲི་ཞུས་པར་རིན་པོ་ཆེ་མཆོག་གིས། ད་ལན་སོག་ཡུལ་ལོག་པའི་སློབ་གཉེར་བ་༢༢༠ དེའི་ནང་ནས་སློབ་གཉེར་བ་༢༠༢ ཀྱི་རྒྱ་གར་ནང་བསྡད་ཆོག་པའི་ཐོངས་མཆན་དུས་ཡུན་དེ་འདི་ལོའི་ཕྱི་ཟླ་ལྔ་པའི་ནང་སྡེབ་གཅིག་ལ་རྫོགས་འགྲོ་གི་ཡོད་པ་རེད། དེར་བརྟེན་དངོས་གནས་བྱས་ན་ཁོང་ཚོ་ཕྱི་ཟླ་༥ པའི་ནང་ལོག་དགོས་ཀྱི་ཡོད་པ་རེད་ཡིན་ན་ཡང་། ཕྱི་ཟླ་༥ ནང་གནམ་གྲུ་མེད་ཙང་འགྲོ་མ་ཐུབ་པ་རེད། ད་རེས་ཁོང་ཚོ་མང་ཆེ་བ་ཐོངས་མཆན་དུས་འགྱངས་ཆེད་ཕྱིར་ལོག་བྱས་པ་ཞིག་ཡིན་པ་དང་། གཞན་ཕྲུ་གུ་༡༨ དེ་ཕ་མས་རྒྱ་གར་ནང་ཏོག་དབྱིབས་ནད་དུག་ཁྱབ་གདལ་གྱི་རྐྱེན་པས་འགན་བཟོད་ཀྱི་མི་འདུག་ངེས་པར་དུ་ཕྱིར་ལོག་བྱེད་དགོས་ཀྱི་འདུག་ཅེས་ཨུ་ཚུགས་བརྒྱབ་པར་བརྟེན་ལོག་པ་ཞིག་ལས་གཞན་དག་གི་དཀའ་ངལ་གང་ཡང་ཡོད་པ་མ་རེད། ཅེས་གསུངས་བྱུང་།

སློབ་གཉེར་བ་དེ་འདྲ་མང་པོ་སྡེབ་གཅིག་ལ་ཕྱིར་ལོག་གནང་རྒྱུ་དེ་ལས་སླ་པོ་ཞིག་མིན་དུས་གང་འདྲ་བྱས་ཏེ་ལོག་ཐུབ་ཡོད་མེད་བཀའ་འདྲི་ཞུས་པར་རིན་པོ་ཆེ་མཆོག་གིས། སློབ་གཉེར་བ་དེ་དག་སོག་ཡུལ་དུ་ལོག་ཆེད་ལྡི་ལི་སོག་པོའི་གཞུང་ཚབ་ཀྱི་མི་སྣ་སྒོ་མང་གྲྭ་ཚང་དུ་ཁོང་ཚོ་རྩིས་ལེན་པར་བསླེབས་ཡོད་པ་རེད། དེ་ནས་སོག་ཡུལ་གཞུང་གིས་གྷོ་བ་གནམ་ཐང་བར་དམིགས་བསལ་གནམ་གྲུ་ཞིག་ཆེད་མངགས་བཏང་ཡོད་པ་རེད། སོག་ཡུལ་ལ་ལོག་རྒྱུའི་འགྲོ་ལུགས་ཚང་མ་ལྡི་ལི་སོག་པོའི་གཞུང་ཚབ་ཀྱིས་རོགས་རམ་གནང་བ་རེད། སོ་སོའི་ངོས་ནས་གནམ་གྲུའི་གླ་ཆ་དེ་མ་གཏོགས་སྤྲད་དགོས་བྱུང་ཡོད་མ་རེད་ཅེས་གསུངས་བྱུང་།

ཡང་སློབ་གཉེར་བ་དེ་དག་སོག་ཡུལ་ལ་འབྱོར་རྗེས་གནས་སྟངས་གང་འདྲ་ཡིན་མིན་སྐོར་བཀའ་འདྲི་ཞུས་པར། ཁོང་ཚོ་སོག་ཡུལ་ལ་འབྱོར་རྗེས་ཉིན་གྲངས་༢༡ རིང་ཟུར་བཀག་གནང་གི་འདུག དེའི་རིང་གི་འགྲོ་གྲོན་དང་མཐུན་གྱུར་ཚང་མ་སོག་ཡུལ་གཞུང་རང་གིས་གཏང་གནང་གི་འདུག་ཅེས་གསུངས་བྱུང་།

ཁོང་ཚོ་མ་འོངས་པར་ཚུར་ལོག་རྒྱུ་ཡིན་མིན་སྐོར་ལ་རིན་པོ་ཆེ་མཆོག་གིས། ད་ལྟའི་ཆར་ཁོང་ཚོར་ཟླ་བ་གསུམ་གྱི་དགོངས་པ་སྤྲད་ཡོད་པ་རེད། ཟླ་བ་གསུམ་ནང་ཁོང་ཚོའི་ཐོོངས་མཆན་དུས་ཡུན་འཕར་་འགྱངས་ཀྱི་ལས་ཀ་ཚར་ན་ཚུར་ལོག་དགོས་ཀྱི་ཡོད་པ་རེད། གང་ཡིན་ཟེར་ན་ཟླ་གསུམ་རྗེས་སུ་གྲྭ་ཚང་གི་རྒྱུགས་སྤྲོད་ཁེལ་གྱི་ཡོད་པ་རེད། ཅེས་གསུངས་བྱུང་།

ཡང་རྒྱ་གར་ནང་ཏོག་དབྱིབས་ནད་དུག་ཁྱབ་ཀྱང་བོད་མིའི་གཞིས་ཆགས་དང་དགོན་སྡེ་ཁག་ལ་ནད་དུག་གཏན་ནས་ཁྱབ་མེད་སྟབས་གྲྭ་ཚང་ནས་དེའི་ཐད་སྔོན་ཚུད་ནས་ཕ་མ་ཚོར་འགྲེལ་བཤད་གནང་ཡོད་མེད་བཀའ་འདྲི་ཞུས་པར་རིན་པོ་ཆེ་མཆོག་གིས། གྲྭ་ཚང་གི་ངོས་ནས་ཕ་མ་རེ་རེ་བཞིན་འབྲེལ་བ་བྱེད་ཐུབ་ཐབས་མེད་སྟབས། ཕྱི་ཟླ་གསུམ་པའི་ནང་དྲ་ལམ་ནས་ཕ་མ་ཚོར་དེའི་ཐད་སེམས་ཁྲལ་གཏན་ནས་བྱེད་མི་དགོས་པའི་སྐོར་གསལ་བཤད་བྱས་པ་ཡིན། ཕ་མ་ཁག་ཅིག་ནས་སེམས་ཁྲལ་མ་བྱས་པར་ཕྲུ་གུ་རང་འཇགས་བཞག་ཡོད་པ་རེད། ཅེས་གསུངས་བྱུང་།

སྤྱིར་ལྷོ་ཕྱོགས་གདན་ས་གྲྭ་ཚང་ཁག་ལ་སོག་པོའི་གྲྭ་རྒྱུན་སློབ་གཉེར་བ་ཇི་ཙམ་ཡོད་མེད་བཀའ་འདྲི་ཞུས་པར་རིན་པོ་ཆེ་མཆོག་གིས།  འབྲས་སྤུངས་སྒོ་མང་གྲྭ་ཚང་ནང་དེེང་སྐབས་སོག་པོའི་གྲྭ་རྒྱུན་སློབ་གཉེར་བ་བསྡོམས་༦༠༠ ཡས་མས་ཡོད་པ་དང་གཞན་བརྒྱུད་སྨད་དང་སེ་ར་བཅས་སུ་ཡང་སློབ་གཉེར་གནང་མཁན་ཡོད་པ་རེད་ཅེས་གསུངས་བྱུང་།

དེའི་སྐོར་ལ་སོག་ཡུལ་གྱི་གསར་འགྱུར་ཞིག་བཀོད་པའི་ནང་། སློབ་གཉེར་བ་༢༢༩ དེ་ཕྱི་ཚེས་༡༣ ཞོགས་པའི་ཕྱག་ཚོད་༧་དང་སྐར་མ་༥༨ ཐོག་སོག་པོའི་རྒྱལ་སའི་གནམ་ཐང་དུ་འབྱོར་ཡོད་པ་དང་ ཕྲུ་གུ་དེ་དག་ཚང་མ་ལོ་ ༡༨ མན་ཆད་ཤ་སྟག་ཡིན་པ་དང་སོག་ཡུལ་གྱི་ས་གནས་ཁག་མི་འདྲ་བ་ལྔ་ནས་ཡིན་པ་དང་། ཁོང་ཚོ་དུས་ཡུན་ཉིན་གྲངས་ ༢༡ རིང་ཟུར་བཀག་བྱེད་ཀྱི་ཡོད་པ་དང་། དེའི་རིང་འགྲོ་གྲོན་ཆ་ཚང་སོག་ཡུལ་གཞུང་གིས་གཏང་གི་ཡོད་པ་རེད་ཅེས་སོགས་བཀོད་འདུག

འདི་ལོ་ས་ག་ཟླ་བའི་དུས་ཆེན་དང་སྟབས་བསྟུན་ནས་སོག་པོའི་རྒྱལ་ས་ཨུ་ལན་བྷ་དྷོར་གྲོང་ཁྱེར་དུ་རྟེན་གཞི་བྱས་པའི་དགེ་ལྡན་ཐེག་ཆེན་གླིང་དགོན་པས་ཇི་ལྟར་གསོལ་བ་བཏབ་དོན་བཞིན། ས་ག་ཟླ་བའི་ཚེས་༡༥ ཉིན་༧གོང་ས་མཆོག་གིས་དྲ་བརྙན་བརྒྱུད་ནས་སོག་པོའི་དད་ལྡན་མང་ཚོགས་ལ་དམིགས་བསལ་གསུང་འཕྲིན་ཞིག་བསྩལ་གནང་མཛད་ཡོད་པ་དེའི་ནང་སོག་པོའི་མཁས་དབང་མང་པོས་སངས་རྒྱས་ཀྱི་བསྟན་པ་སྤྱི་དང་། ལྷག་དོན་དཔལ་ན་ལེན་དྲའི་ཆོས་བརྒྱུད་ལ་བསྟན་པའི་ཞབས་འདེགས་རླབས་པོ་ཆེ་བསྒྲུབས་ཡོད་པ་རེད།  སོག་པོའི་ཆོས་གྲོགས་ཕོ་མོ་ཚོས་ད་བར་བསླབ་པ་སློབ་གཉེར་ཐད་གང་ཐུབ་བྱེད་ཀྱི་ཡོད་པ་རེད།  གྲྭ་རྒྱུན་མང་པོ་རྒྱ་གར་ནང་ཡོད་པ་ཁོང་ཚོས་སློབ་གཉེར་ཡག་ཐག་ཆོད་བྱེད་ཀྱི་འདུག  མུ་མཐུད་སོག་པོའི་ས་ཁུལ་གྱི་དགོན་སྡེ་ཁག་ཙམ་མ་ཡིན་པར་སྐྱ་བོ་ཕོ་མོ་ཚོས་ཀྱང་ནང་ཆོས་ཀྱི་ལྟ་གྲུབ་དེ་ཤེས་བྱའི་འདུ་ཤེས་ལ་གཞག་ཏེ་བསླབ་ན་ཏན་ཏན་ཕན་ཐོགས་ཡོད་རེད་ཅེས་སོགས་བཀའ་གནང་ཡོད་པ་རེད།

 རྒྱ་གར་ལྷོ་ཕྱོགས་ཀྱི་གསར་འགོད་པ་དོན་གྲུབ་བཀྲིས།

བསྐྱར་བཅོས།: ༢༠༢༠/༠༦/༡༤

Leave a Reply