དྲྭ་ལམ་དབང་སྐུར་གྱི་ལེགས་ཉེས།

ཀཿཐོག་རིག་འཛིན་ཆེན་པོའི་སྐྱེ་མིང་པ་མུར་སྨྱོན་པདྨ་དབང་ཆེན།

ན་མོ་གུ་ར་ཝེ། ཉེ་བའི་ཆར་དྲྭ་ལམ་དབང་སྐུར་གྱི་གླེང་མོ་ཞིག་གིས་བོད་ཀྱི་སྤྱི་ཚོགས་ཆུང་ངུ་འདིར་ས་ཡོམ་བྱུང་བ་ལྟ་བུའི་གནས་ཚུལ་ཞིག་བྱུང་འདུག་སྟེ། སྐབས་དེར་རང་ཉིད་བསྙེན་མཚམས་ལ་སྡོད་པའི་ཁུལ་གྱིས་ཟུར་ཙམ་ཡང་གོ་ཐོས་མ་བྱུང་། དེ་རྗེས་གྲོགས་པོ་འགའ་ཞིག་གིས་དགག་པ་དང་ལན་གྱི་རྣམ་གྲངས་གླེགས་བམ་ཏུ་བཀོད་པ་དང་བསྐུར་བ་འབྱོར་ཡང་ས་ཟླའི་དུས་མཆོད་སོགས་ཀྱིས་ཞིབ་ལྟ་བྱེད་ལོང་མ་བྱུང་། ཁ་སང་གཞི་ནས་ཚང་བར་བཀླགས་རྗེས་རང་འདོད་ཕྲན་བུ་ལྷག་བསམ་གྱིས་བརྗོད་དོན་རྩོད་པ་ཆོས་ཕྱོགས་སུ་ཞི་བའི་སྨོན་ལམ་འབའ་ཞིག་ཡིན་ནོ། །

༡༽འཕགས་པའི་མཛད་པར་བསམ་མི་ཁྱབ་པ།
འཕགས་མཆོག་སྤྱན་རས་གཟིགས་ཀྱི་མཛད་པ་གང་ལ་གང་འདུལ་དེ་ལ་དེར་སྟོན་པ་ནི་ཡོན་ཏན་འབའ་ཞིག་ལས་སྐྱོན་དུ་སེམས་པར་མི་བྱ་ཞིང་། ཁྱད་པར་དུས་སྙིགས་མར། ནད་ཡམས་ཀྱིས་གཙེས་པ་རྣམས་ཀྱི་རེ་བ་ཆུད་ཟོས་སུ་མི་གཏོང་པ་དང་། སྐལ་ལྡན་གྱི་ཉམས་རྟོགས་བོགས་འབྱིན་པ། སྐལ་མེད་ལ་ཐར་བའི་ས་བོན་འདེབས་པ། སྡུག་བསྔལ་གྱིས་གདུང་བའི་འགྲོ་བ་མང་པོར་བརྩེ་བས་དབུག་དབྱུང་པ་ནི་ཐུགས་རྗེ་ཆེན་པོའི་འཕྲིན་ལས་ཉག་གཅིག་ཡིན་པས་དེ་ལ་སོ་སོའི་སྐྱེ་བོའི་ཚད་ཤིང་ནམ་ཡང་མཛའ་བ་མ་ཡིན། འཕགས་པ། གྲུབ་ཐོབ། རྣལ་འབྱོར་ཏིང་ངེ་འཛིན་དང་ལྡན་པ་སུ་ཡང་རུང་དེ་དེ་བཞིན་ནོ། །

༢༽དྲྭ་ལམ་དབང་གི་ཐོག་མ།
དྲྭ་ལམ་ནས་དབང་སྐུར་བྱེད་མཁན་ཐོག་མ་ནི་བཀའ་བརྒྱུད་དང་རྙིང་མ་པ་འགའ་ཞིག་ཡིན་ལ། གློག་བརྙན་ལ་བལྟས་པས་དབང་སྐུར་ཐོབ་པ་དེ་ཡང་ལོ་ཤས་སྔོན་ནས་བྱུང་བ་ཞིག་ལས་ད་རེས་གསར་དུ་སྒོ་ཕྱེས་པ་ནི་གཏན་ནས་མིན། ཆོས་རྒྱུན་སུ་ཡང་རུང་ས་ཆེན་པོ་ལ་གནས་པའི་བྱང་ཆུབ་སེམས་དཔའ་དང་། གྲུབ་བརྙེས་ཀྱི་སྐྱེས་བུ་རྣམས་ཀྱི་བསམ་མི་ཁྱབ་པའི་ཡུལ་སོ་སྐྱེས་ཚུལ་མཐོང་གི་བྱིས་བློས་དཔྱད་པའི་ཡུལ་ལས་འདས་པས། གྲུབ་པའི་རྟགས་མངོན་གྱུར་ཡོད་པ་རྣམས་ཀྱིས་དམིགས་བསལ་གྱི་མཛད་པ་ཡིན་པར་མོས་གུས་བྱ་བཞིན་ཡོད།

༣༽མཐའ་གཉིས་སུ་མ་ལྷུང་པ་དགོས།
ཡེ་ཤེས་ལྡན་པའི་གྲུབ་བརྙེས་རྣམས་ཀྱི་མཛད་པར་སོ་སྐྱེས་བསྙེན་སོང་ཙམ་ལ་རྡོ་རྗེ་སློབ་དཔོན་དུ་ཁས་འཆེ་བ་རྣམས་ཀྱིས་འགྲན་པར་མི་བྱ་སྟེ། རྗེ་བཙུན་ཏཱ་ར་ནཱ་ཐས། རང་ཅག་བོད་འདི་ན། གོ་བ་འདི་ཙམ་ལའང་མཐའ་གཉིས་གང་རུང་ཞིག་ཏུ་ལྷུང་བར་སྣང་སྟེ། བླུན་པོ་རྣམས་དང་། བླུན་པོའི་རྗེས་འབྲང་མཁས་འདོད་ཡོད་པ་ཕལ་ཆེ་བ་ཞིག་ནི། གྲུབ་ཐོབ་རྣམས་ལ་དེ་ལྟར་ཡིན་པའི་གོ་བ་རབ་རིབ་ཅིག་ཤར་བ་རྒྱུ་མཚན་དུ་བྱས་ནས། ད་ལྟའི་བླ་མ་དང་། སློབ་མ་ཕལ་བ་ལམ་སྣ་ཙམ་ཡང་མ་ཟིན་པ་སྒབ་སྒོབ་རྣམས་ལའང་གྲུབ་ཐོབ་ཀྱི་རིགས་འགྲེ་འགྲན་འདོད་བྱས་ཏེ། དབང་སྐུར་རྒྱུད་བཤད་མན་ངག་ཐམས་ཅད་རྩ་བ་ནས་བཅད། པོ་ཏི་མགོ་ལ་འཇོག་པ་དང་། དགོངས་པ་གཏད་པས་ཆོག་པ་མི་ཤེས་པ་དང་མ་ལྕོགས་པ་ལ་བཟང་བཟང་མོ་དང་དགའ་དགའ་མོ་བྱེད་དོ། །དེ་རིགས་ལ་བླ་མས་མ་བཤད། སློབ་མས་མ་གོ། དཔོན་སློབ་གཉིས་ཀས་ཅི་ཡང་མི་ཤེས་པ་ལ་ཤེས་པ། དག་བྱེད་པ་ལས་མི་ཡོང་བར་འདུག་པ་འདི་ཆད་པའི་མཐའ་ཡིན། ཡང་གསང་སྔགས་གཞུང་དང་། ཆོ་ག་ལ་རྩིས་སུ་བྱེད་པ་པ་རྣམས་ཀྱང་། ད་ལྟ་ལས་དང་པོ་པ་གང་བྱེད་པའི་རྒྱས་བཀབ་སྟེ། འཕགས་པ་དང་། གྲུབ་ཐོབ་དང་། སྒྲུབ་པ་པོ་མཆོག་རྣམས་ལའང་བྱེད་པ་ནི། སྒྲིགས་བཀོད་དམ་དམ་མོ་དང་། མཁས་འདོད་བྱས་པས་གཏི་ཐུག་ཏུ་སོང་སྟེ། འདི་ཀ་ལ་ལྟོས་པས་རྟག་པའི་མཐའ་ཡིན་ནོ། །ཞེས་གསུངས་པའི་གནས་དུས། གང་ཟག་དགོས་པ་དང་དགག་བྱ་ལ་གཞལ་ནས་ཆོས་སྒོ་ཡངས་ཆེ་བ་དང་། དམ་ཆེ་བ་གཉིས་ཀྱིས་མཐའ་ལ་མ་ལྷུང་པ། གུ་རུ་པདྨ་འབྱུང་གནས་ཀྱིས། ཆོས་ནི་སྤེལ་མ་དྲག་ལ་བསྡམ་མ་དྲག །སེམས་ལ་པྲ་མོ་ཕེབ་པ་སྙིང་གཏམ་ཡིན། །ཅེས་པའི་བཀའ་དྲི་མ་མེད་པ་ཐུགས་དམ་དུ་བཟུང་ན་འདི་རིགས་ཀྱི་རྩོད་པ་ཆོས་ཕྱོགས་སུ་ཞི་བ་ཡིན། །

༤༽དྲྭ་ལམ་ནས་དབང་སྐུར་རུང་མིན།
ཆོས་བཀའ། བླ་སློབ། གནས་དུས། དགོས་པ་ཀུན་ལ་ལྟོས་པ་ལས་མཐའ་གཅིག་ཏུ་འདི་ལྟ་བུ་བྱེད་དགོས་ཞེས་ལུང་དང་རིགས་པ་ཡོད་ཚད་བཏང་སྟེ་བདེ་བར་གཤེགས་པའི་བཀའ་ཐམས་ཅད་རང་གི་འདོད་པ་སྐོང་བའི་ཕྱོགས་སུ་སྒྲུབ་པ་ནི་ནམ་ཡང་མི་རུང་། རྒྱུད་སོ་སོའི་ཁྱད་ཆོས་ཚང་མ་གུད་དུ་བཅད་ནས་རང་ཉིད་འཇུག་པ་བདེ་བའི་ལམ་སྟེགས་རེ་བཟོ་བ་ནི་བསྟན་པ་བདེ་བར་གཤེགས་པའི་ཆོས་ཕུང་གྲངས་མེད་པ་གསུང་བའི་འཕྲིན་ལས་ཆུད་ཟ་བར་བྱེད་པ་ཡིན། འཕགས་པ་གྲུབ་ཐོབ་རྣམས་རྩེ་ཕུད་བྱས་ཏེ། སོ་སྐྱེས་རྡོ་རྗེ་སློབ་དཔོན་རྟེན་འབྲེལ་ལ་ལྟོས་དགོས་པའི་རིགས་ལ་ནི་རུང་བ་མ་ཡིན་ཏེ། ཇི་སྲིད་རྒྱུ་འབྲས་རྟེན་འབྲེལ་ལ་ལྟོས་དགོས་པ་དེ་སྲིད་རྒྱུ་འབྲས་རྟེན་འབྲེལ་གྱིས་གནོད་པས། རྒྱུད་ཀྱི་དངོས་བསྟན་གྱི་ཡེ་ཤེས་བསྐྱེད་པའི་རྐྱེན་དང་དབང་དོན་བརྟན་བྱེད་ཀྱི་རྫས་རྣམས་ཇི་མི་སྙམ་པར་དོར་བ་ནི་ཆོས་རྒྱུན་སོ་སོའི་བླ་མ་གོང་མ་རྣམས་ཀྱི་གསུང་རབས་དགོངས་འགྲེལ་གང་ལའང་མི་མཐུན་ཉི་ཤར་སྦར་མོས་འགེབ་མི་ནུས་སོ། །༥༽གསང་བ་ཁྲོམ་བསྒྲགས་ཡིན་མིན། སྤྱིར་གསར་རྙིང་གི་རྒྱུད་སྡེ་ཐམས་ཅད་དགོངས་པ་གཅིག་པར་དམ་ཚིག་ཉམས་པ་དང་ལོག་ལྟ་ཅན་ལ་གསང་སྔགས་སྤེལ་བ་མཐའ་གཅིག་ཏུ་བཀག་མོད། དབང་སྐུར་བ་ནི་སྡོམ་པ་འབོགས་པའི་ཆོ་ག་ཡིན་པས་དད་པ་ཅན་ལ་སྤེལ་མ་ཆོག་ན་སྔགས་ལ་འཇུག་པའི་ཐབས་མེད། དབང་ནི་སྔགས་ཀྱི་གསོ་སྦྱོང་ཡང་ཡིན་པས་དམ་ཚིག་ཉམས་ན་དབང་གིས་གསོ་དགོས་པ་རྒྱུད་ཀྱི་དགོངས་པ་ཡིན། སྔགས་ལ་འཇུག་འདོད་ཀྱི་དད་པ་ཅན་དང་དམ་ཉམས་བཤགས་པའི་བློ་དང་ལྡན་པ་དབང་སྐུར་བྱེད་པ་ཤིན་ཏུ་རུང་བ་གསར་རྙིང་ཚང་མ་མཐུན། དཀྱིལ་འཁོར་དུ་འཇུག་པའི་གྲངས་དང་ཚད་ཀྱང་རྒྱུད་སྡེ་ཕལ་མོ་ཆེར་གསུངས་པ་སོ་སྐྱེས་རྡོ་རྗེ་སློབ་དཔོན་དང་སློབ་མ་ལས་དང་པོ་པར་ཆོས་ལ་དཀོན་པ་དང་དེ་གཅེས་པར་འཛིན་པའི་འདུ་ཤེས་སྐྱེ་བའི་ཆེད་དུ་དམིགས་པ་ལས། བྱང་ཆུབ་སེམས་དཔའ་སྙིང་རྗེ་ཆེན་པོ་དང་ལྡན་པ་རྣམས་ལ་ནི་མ་ཡིན་ཏེ། གསང་བ་སྤྱི་རྒྱུད་ལས། གསང་བའི་བདག་པོ། གང་དག་གིས་སྔོན་ཐེག་པ་ཆེན་པོ་གསང་སྔགས་སྤྱད་པའི་ཚུལ་སྒོ་མཐའ་ཡས་པ་སྒྲུབ་པ་ལ་གོམས་པར་བྱས་པ་དེ་དག་ནི་རྡོ་རྗེ་སེམས་དཔའ་ཡིན་ཏེ། དེ་རྣམས་ཉིད་ཀྱི་དོན་གྱི་ཕྱིར་གྲངས་ཀྱི་ཚད་འདི་བྱས་སོ། །འོན་ཀྱང་སློབ་དཔོན་སྙིང་རྗེ་ཆེན་པོ་དང་ལྡན་པས་སེམས་ཅན་ཐམས་ཅད་ཀྱི་ཁམས་མ་ལུས་པ་བསྒྲལ་བར་ཡི་དམ་བཅའ་བ་ཁོ་ནར་བྱ་སྟེ། དེས་བྱང་ཆུབ་སེམས་ཀྱི་རྒྱུར་འགྱུར་བར་བྱ་བའི་ཕྱིར་སེསམ་ཅན་ཚད་མེད་པ་རྣམས་ཡོངས་སུ་བཟུང་བར་བྱའོ། །ཞེས་གསུངས་སོ། །དེ་བཞིན་དཀྱིལ་འཁོར་གྱི་རྣམ་བཞག་བརྒྱད་ལས་ཡིད་ཀྱི་དཀྱིལ་འཁོར་དང་། གཉིས་སུ་བསྡུ་ན་ཡེ་ཤེས་ཀྱི་དཀྱིལ་འཁོར་ལ་བརྟེན་ནུས་པའི་བླ་མ་དང་སློབ་མ་ནི་བསམ་མི་ཁྱབ་པའི་ཡུལ་ཏེ་ཁྲོམ་བསྒྲགས་ཀྱི་ཚད་ལས་འདས་སོ། །

༦༽ཆོས་རྒྱུན་སོ་སོའི་གདམས་པའི་བཀའ་རྒྱ།
བོད་ལ་སྔར་ནས་བཀའ་རྒྱ་ཡངས་དོགས་ཅི་རིགས་པ་བྱུང་ཞིང་། དེ་ལ་དགག་སྒྲུབ་ཡང་རིམ་པ་དུ་མ་བྱུང་མྱོང་། བཀའ་རྒྱ་ཡངས་པའི་ཕྱོགས་ཅུང་མང་པ་བཀའ་རྙིང་གཉིས་རེད། རྙིང་མའི་དགོངས་འདུས་པོད་དབང་། ས་སྐྱའི་ཞྭ་ལུ་བློ་གསལ་བསྟན་སྐྱོང་ནས་ཁྲིད་བརྒྱའི་པོད་དབང་བྱུང་། བཀའ་བརྒྱུད་པའི་ཞབས་རྗེས་གསང་སྤྱོད་མ། སྐུ་གསུམ་ངོ་སྤྲོད་སོགས་ཐོབ་པས་གདམས་པ་ཅི་སྙེད་ཐོབ་པའི་ལུགས་དང་། དགེ་ལུགས་དང་ས་སྐྱའི་དུས་འཁོར་རྡོར་ཕྲེང་སོགས་དང་། བརྒྱུད་པ་ཚང་མས་སྡིག་སྒྲིབ་སྦྱོང་བ་དང་བར་ཆད་སེལ་བའི་ལྷའི་རིགས་འོད་དཔག་མེད། ཚེ་དཔག་མེད་སྤྱན་རས་གཟིགས། རྡོར་སེམས། སྒྲོལ་མ་འཇམ་དབྱངས་། ཛམྦྷ་ལ་སོགས་ཞི་རྒྱས་སྐོར་ཕལ་ཆེར་བཀའ་ཡངས་པ་དང་བཀའ་རྒྱ་དེ་ཙམ་མི་བྱེད། ཆོས་སྒོ་དམ་པའི་རིགས་ས་སྐྱའི་བཻ་བུམ་ཁག་དང་། ནང་ཁྲིད་གསང་ཁྲིད། དགེ་ལྡན་པའི་བཻ་བུམ་ཁག་དང་ཆོས་རྒྱལ་ཕྱི་ནང་གསང་གསུམ་སོགས་གདམས་པ་གསང་བ་ཅི་རིགས་བྱུང་བ་དང་། ཇོ་ནང་གིས་གདམས་པ་གང་ཡིན་ཡང་གསང་རྒྱ་ཆེ། དུས་འཁོར་གྱི་མན་ངག་སྦྱོར་དྲུག་ལ་བཞུགས་མཁན་ཞིག་མིན་ཚེ་ཐོབ་དཀའ། རྙིང་མས་མདོ་རྒྱུ་སེམས་གསུམ་དང་སྲུང་མའི་བཀའ་གཏད། དྲག་པོ་མངོན་སྤྱོད་ཀྱི་ལས་ཚོགས་བརྒྱུད་པ་སེལ་མེད་འཛིན་མཁན་ལས་སུ་ལའང་མི་གནང་། ཆོས་རྒྱུན་སུ་ཡིན་ཡང་དབང་དྲག་སྐོར་ཕལ་མོ་ཆེ་བཀའ་དོག་པོ་མཛད། དེ་དག་སོ་སོའི་བླ་མ་བརྒྱུད་པའི་མན་ངག་ཕྱག་བཞེས་ལྷད་མེད་ཀྱི་རྗེས་སུ་འབྲངས་པ་ལ་བཟང་ངན་གྱི་གླེང་བརྗོད་ལུང་རིགས་ཀྱིས་རྒོལ་བ་ཟུར་དུ་བཞག་ཅིང་དེ་དག་གི་ཆོས་དང་གང་ཟག་ལ་གུས་བཀུར་བྱས་ཏེ་འཁྲུགས་རྩོད་མི་ཡོང་པའི་ཐབས་ལ་འབད་དགོས།

༧༽འཆོལ་བར་སྤྱོད་པའི་ཉེན་ཁ།
རྩོད་མེད་ཡོངས་གྲགས་ཀྱི་སྐྱེས་ཆེན་དམ་པ་རེ་ཟུང་གིས་གདུལ་བྱ་རྗེས་སུ་འཛིན་པའི་ཐབས་མཁས་ཀྱི་སྤྱོད་པས་སྐབས་འཚོལ་བ་འགའ་རེས་ལོག་པར་སྤྱོད་ཅིང་། མ་འོངས་པར་དབང་ལུང་མན་ངག་ངག་ཐམས་ཅད་དྲྭ་ཐོག་ནས་སྤེལ་ཞིང་། གདམས་པ་མང་པོ་ཞིག་གི་བརྒྱུད་པ་ཕྱག་བཞེས་ཉམས་པར་འགྱུར་བ་ནི་སྨྲོས་མེད་དང་། ཏིང་ངེ་འཛིན་ཡོད་མེད་ཅི་རིགས་པས་གློག་བརྙན་ལ་བལྟས་པས་དབང་ཐོབ་པར་འགྱུར་ཞེས་སྤེལ་བཞིན་པ་འདི་དག་དར་རྒྱས་ཆེ་རུ་སོང་ཚེ། བསྟན་པ་སྤྱི་ལ་གནོད་པ་ཡིན་ནམ་ཕན་པར་འགྱུར་མཁྱེན་པའི་བདག་ཉིད་རྣམས་ཀྱིས་ཡེ་ཤེས་དབྱིངས་དཔྱད་དགོས་པ་ལས། གྲུང་པོ་རྣམས་ཀྱི་རིགས་པས་བསྒྲུབ་པ་དང་། དད་པ་ཅན་ལ་པད་འབྱུང་སྒོ་ཉལ་ཡོད་དང་། རྒན་མོ་ཁྱི་སོའི་སངས་རྒྱས་པའི་ལུང་ཞིག་གིས་ཆོག་པ་ཞིག་མ་རེད་སྙམ། རྗེ་བཙུན་ཏཱ་ར་ནཱ་ཐས། ལས་དང་པོ་པ་ལ་བརྒྱུད་པ་ཁུངས་ལ་ཐུག་པའི་ཆོས་བཀའ་མ་ཆད་པ་ཞིག་དགོས། ཆོ་ག་ལག་ལེན་བྱང་ལ་མ་ནོར་པ་ཞིག་དགོས། བསྙེན་སྒྲུབ་ལ་སོགས་པ་ཚད་དུ་ཕྱིན་པ་ཅིག་དགོས། རང་རང་གི་གཞུང་བཤད་ཐེ་ཚོམ་ཆོད་ངེས། བློ་རྩེ་བརྟད་འཚམ་ཡོང་ངེས་ཤིག་དགོས། མན་ངག་རྣམས་ལག་ལེན་དུ་བཏབ་ན་ཐེབ་ངེས་པ་ཅིག་དགོས་སོ། །གྲུབ་པ་ཐོབ་པ་རྣམས་ཀྱི་སྤྱོད་ཡུལ་ནི་གཞན་ཡིན་པས། དེ་འདྲའི་ངེས་ཁྲིགས་མེད་ཀྱང་། དེ་ལ་ལོག་ལྟ་དང་ཐེ་ཚོམ་མི་བྱ། གུས་པས་གསོལ་བ་ཐོབ་ཅིག །ཅེས་གསུངས་པའི་གྲུབ་ཐོབ་ཀྱི་མཛད་པ་སོ་སྐྱེས་ཐ་མལ་པས་འཆོལ་ཉོག་ཏུ་སྤྱོད་པའི་ཉེན་ཡང་ཤིན་ཏུ་ཆེ་བ་ཡིན།  བརྒྱུད་པའི་བླ་མའི་ཕྱག་བཞེས་སུ་གྱུར་བས་འདི་དག་ཆོས་རྒྱུན་ཚང་མས་ཐུགས་ཁུར་དགོས་པའི་བསྟན་པའི་བྱ་བཞག་གལ་ཆེན་ཞིག་ཏུ་མཐོང་སྟེ་འཛེམས་མེད་ཆུར་ལྕེབས་ཀྱི་སྙན་ཞུ་ཕུལ་བ་ཡིན། །

ས་ཟླའི་༢༤་ཉིན་རང་གནས་ཐེག་མཆོག་དགའ་ཚལ་ནས་གུས་འདུད་བཅས་ཕུལ། །

བསྐྱར་བཅོས།: ༢༠༢༠/༠༦/༡༥

Leave a Reply

7 thoughts on “དྲྭ་ལམ་དབང་སྐུར་གྱི་ལེགས་ཉེས།

  1. འཕྲིན་ལས་བཟང་པོ་ལགས། (1)ཉིད་ཀྱིས༼འདི་གསང་སྒྲོགས་བྱུང་མིན་གྱི་གནད་རེད་མ་གཏོགས་དབང་གནང་མཁན་སུ་ཡིན་མིན་གྱི་གནད་མ་ཡིན། གང་ཟག་གི་ཚོད་གང་ཟག་གིས་མི་ཤེས།༽གསང་སྒྲོགས་བྱུང་མིན་གང་ཟག་ལ་ལྟོས་པ་མིན་ན། ཉེས་པ་ཁུར་མཁན་དམ་པའི་ཆོས་པར་འདོད་པ་ཨེ་ཡིན། རྙིང་མ་ཚོས། གབ་པའི་གསང་བ་དང་། སྦས་པའི་གསང་བ་ཞེས་བཤད་པའི་སྐབས། ཡེ་གསང་ཐབས་ཀྱིས་ཆོས་པའི་ཆོས་ཉིད་རང་ལ་གསང་སྒྲོགས་ཤིག་འབྱུང་ཚུལ་གསུང་རྒྱུ་ཨེ་ཡོད། གང་ཟག་གི་ཚོད་ཚོད་འཛིན་པར་མངོན་སུམ་དང་རྗེས་དཔག་གི་ཚད་མ་གཉིས་གསུངས་པ་དང་། རང་རེའི་སྟོན་པ་ཚད་སྒྲུབ་ཀྱི་ལུགས་འབྱུང་ལྡོག་ཀྱིས་རིགས་པ་བརྒྱད་པོར་ཐོས་བསམ་བྱེད་མཁན་ཚང་མ། སྟོན་པ་བསླུ་མེད་ཚད་མར་ཡིན་ཆེས་བྱེད་མཁན་རྣམས་ཀྱང་གང་ཟག་མིན་གསུང་རྒྱུ་ཨེ་ཡིན། ཉིད་ཀྱིས་འདོད་པ་ལྟར་ན་དབང་གི་བྱ་བ་བྱེད་པའི་བླ་སློབ་གཉིས་ཀར་མཚན་ཉིད་རབ་འབྲིང་ཐ་གསུམ་གསུང་པ་ཡང་གང་ཟག་ལ་མི་བྱེད་པར་ཆོས་ལ་བཟང་ངན་ཞིག་ཡོད་པར་འདོད་དགོས་པ་འདྲ། (2)གོང་གི་རིག་འཛིན་ཆེན་པོའི་བཤད་པ་དེར་ཆོས་དང་གང་ཟག དགོས་པ་དང་དགག་བྱ་གསལ་བོ་ཕྱེས་ཏེ། ཕན་གནོད། མཐའ་གཉིས་སུ་མ་ལྷུང་པར་བཤད་མི་འདུག་གམ། ད་དུང་ལན་ཅིག་གཟིགས་ལ། ཆོས་ལ་སྟོན་པའི་ལུང་རིགས་ཅི་ཡོད་ཁུར་ཤོག །

    1. འཕྲིན་ལས་བཟང་པོ་ལགས།
      (1)ཉིད་ཀྱིས༼འདི་གསང་སྒྲོགས་བྱུང་མིན་གྱི་གནད་རེད་མ་གཏོགས་དབང་གནང་མཁན་སུ་ཡིན་མིན་གྱི་གནད་མ་ཡིན། གང་ཟག་གི་ཚོད་གང་ཟག་གིས་མི་ཤེས།༽ལན་ཞུ་ན། གསང་སྒྲོགས་བྱུང་མིན་གང་ཟག་ལ་ལྟོས་པ་མིན་ན། ཉེས་པ་ཁུར་མཁན་དམ་པའི་ཆོས་ཡིན་པར་འདོད་པ་ཨེ་ཡིན། རྙིང་མ་ཚོས། གབ་པའི་གསང་བ་དང་། སྦས་པའི་གསང་བ་ཞེས་བཤད་པའི་སྐབས། ཡེ་གསང་ཐབས་ཀྱིས་ཆོད་པའི་ཆོས་ཉིད་རང་ལ་གསང་སྒྲོགས་ཤིག་འབྱུང་ཚུལ་གསུང་རྒྱུ་ཨེ་ཡོད། གང་ཟག་གི་ཚོད་འཛིན་པར་མངོན་སུམ་དང་རྗེས་དཔག་གི་ཚད་མ་གཉིས་གསུངས་པ་དང་། རང་རེའི་སྟོན་པ་ཚད་སྒྲུབ་ཀྱི་ལུགས་འབྱུང་ལྡོག་ཀྱི་རིགས་པ་བརྒྱད་པོར་ཐོས་བསམ་བྱེད་མཁན་ཚང་མ་དང་། སྟོན་པ་བསླུ་མེད་ཚད་མར་ཡིན་ཆེས་བྱེད་མཁན་རྣམས་ཀྱང་གང་ཟག་མིན་གསུང་རྒྱུ་ཨེ་ཡིན། ཉིད་ཀྱིས་འདོད་པ་ལྟར་ན་དབང་གི་བྱ་བ་བྱེད་པའི་བླ་སློབ་གཉིས་ཀར་མཚན་ཉིད་རབ་འབྲིང་ཐ་གསུམ་གསུངས་པ་ཡང་གང་ཟག་ལ་མི་བྱེད་པར་ཆོས་ལ་བཟང་ངན་ཞིག་ཡོད་པར་འདོད་དགོས་པ་འདྲ།
      (2)གོང་གི་རིག་འཛིན་ཆེན་པོའི་བཤད་པ་དེར་ཆོས་དང་གང་ཟག དགོས་པ་དང་དགག་བྱ་གསལ་བོ་ཕྱེས་ཏེ། ཕན་གནོད། མཐའ་གཉིས་སུ་མ་ལྷུང་པར་བཤད་མི་འདུག་གམ། ད་དུང་ལན་ཅིག་གཟིགས་ལ། ཆོས་ལ་སྟོན་པའི་ལུང་རིགས་ཅི་ཡོད་ཁུར་ཤོག །