བོད་ནང་གི་བོད་མི་ཞིག་གི་ཏོག་དབྱིབས་ནད་ཡམས་དང་འབྲེལ་བའི་མཐོང་ཚོར་སྐྱུར་མོ།

རྩོམ་པ་པོ་གཡུང་དྲུང་འགྱུར་མེད།

བོད་སྒྱུར་བ་ཀླུ་མགོན་ཐར།

དེ་རིང་གཞི་ནས་དཀའ་ཚེགས་ཆུང་ངུ་དག་གི་ཕྱོགས་ལ་བསམ་བློ་གཏོང་ཁོམ་བྱུང་ལ། རང་ཉིད་ཀྱི་བསམ་བློ་གོ་རིམ་བཞིན་དུ་བསྒྲིགས་ཐུབ་པ་བྱུང་། ཕྱི་རོལ་དུ་ཉི་འོད་དྲོ་ཞིང་ནེ་ཙོ་གང་སར་རྒྱུ། དཔྱིད་ཀ་སླེབས་མགོ་བཙུགས།

ཁ་སང་སྟབས་བདེ་ཟ་ཁང་གི་སྤྱིན་བདག་མ་དེས། སྣེ་ལེན་བྱེད་ཞོར་ཁོར་ཡུག་འདི་འདྲ་ཞིག་གི་འོག་ཏུ་ཚོང་ལས་གཉེར་རྒྱུ་ཧ་ཅང་དཀའ་ཚུལ་ང་ལ་འཁང་ར་དང་བཅས་བརྗོད་བྱུང་ལ། ང་རང་ཁྲོམ་གཞུང་གི་འཛད་སྤྱོད་པ་སྤྱིར་བཏང་བ་ཞིག་ཡིན་པའི་ཆ་ནས་ཀྱང་དཀའ་ཁག་ཡོད་ངེས་ཚུལ་བརྗོད་བྱུང་། གལ་སྲིད་ང་ཚོས་ནད་ཡམས་ཆེན་པོ་འདི་རླུང་འཚུབ་ཞིག་ལ་དཔེ་བླངས་ཚེ། ང་ཚོ་རླུང་འཚུབ་དེའི་དཀྱིལ་དབུས་སུ་མེད་པར་མཐའ་ཙམ་ན་མ་གཏོགས་མེད་ནའང་། རླུང་འཚུབ་དེའི་ངར་ཤུགས་ང་ཚོའི་ངོ་གདོང་གིས་ཚོར་ཐུབ་ཀྱི་ཡོད་པ་རེད།

འདི་ནི་ལོ་རྒྱུས་རང་བཞིན་གྱི་གོད་ཆག་ཞིག་ཡིན་སྟབས་འགྲོ་བ་མིའི་ལོ་རྒྱུས་ནང་གསལ་བོར་འཁོད་འགྲོ་བ་ནི་ཐེ་ཚོམ་མེད་པ་ཞིག་རེད། ཕྱི་ལོ་ ༢༠༢༠ ལོ་འདི་ནི་ཝུ་ཧན་གྲོང་ཁྱེར་ནས་ནད་དུག་རིམ་པར་འཛམ་གླིང་ཡོངས་སུ་མཆེད་དེ་གོ་ལ་ཧྲིལ་བོའི་སྤྱི་འབངས་ཀྱི་འཕྲོད་བསྟེན་གྱི་གནད་དོན་ཞིག་ཏུ་འགྱུར་བཞིན་མགོ་བཙུགས་པ་རེད། རྒྱལ་ཁབ་ཀྱི་གནས་སྟངས་དང་རིག་གནས་མ་འདྲ་བའི་རྒྱུ་མཚན་ལ་བརྟེན། ནད་ཡམས་ལ་གདོང་ལེན་བྱེད་སྟངས་ཀྱང་རྒྱལ་ཁབ་སོ་སོར་མ་འདྲ་བ་ཡོད་པ་རེད། འོན་ཀྱང་ཁ་རས་དང་དུག་སེལ་སྨན། རླུང་འགྲོའི་འཕྲུལ་ཆས་ (ventilators) སོགས་ཧ་ཅང་དཀོན་པོ་ཆགས་པའི་དུས་སྐབས་སུ་འཛམ་གླིང་ཁྱོན་ཡོངས་སུ་འཕྲལ་དུ་མཁོ་ངེས་ཅན་གྱི་ཅ་དངོས་སུ་གྱུར་ཡོད་པ་རེད།

ནད་ཡམས་ཆེན་པོ་འདིའི་ཆ་ཤས་སུ་ང་ཚོ་ཚང་མ་རྣམ་པ་མི་འདྲ་བའི་ཐོག་ནས་མཉམ་ཞུགས་བྱས་ཡོད་པ་རེད། ང་རང་ཉིད་ལ་མཚོན་ན། རྒྱ་ནག་གི་ལོ་གསར་དང་བོད་ཀྱི་ལོ་སར་སྔོན་ཙམ་ནས་ཕ་ཡུལ་དུ་སོང་ནས་བདུན་ཕྲག་གཅིག་རིང་དགོངས་པ་ཞུས་པ་ཡིན། ང་ཕ་ཡུལ་ཕྱོགས་སུ་གྱེས་པའི་ཉིན་མོ་སྟེ་ཕྱི་ཟླ་དང་པོའི་ཚེས་ ༢༢ ཉིན་ནད་དུག་དེ་ཝུ་ཧན་གྲོང་ཁྱེར་ཡོངས་སུ་ཁྱབ་ཡོད་པ་དང་། དེ་ནི་ཝུ་ཧན་གྲོང་ཁྱེར་ཡོངས་སུ་བཀག་སྡོམ་བྱས་པའི་སྔར་ཉིན་དེ་ཡིན་ལ། རྒྱལ་ཡོངས་སུ་ཞེད་སྣང་གི་ཚོར་བ་སྤྱིར་བཏང་བ་ཞིག་གིས་ཁེངས་ཡོད་པ་རེད།

དེ་བཞིན་ངས་ལྷ་ས་ནས་གཞིས་ཀ་རྩེར་འགྲོ་བའི་མེ་འཁོར་འཚོལ་བའི་ཞོགས་པ་དེར། བོད་ལྷོ་ནུབ་ཁུལ་གྱི་མི་མང་པོ་ཞིག་གིས་རང་ཉིད་ཀྱི་འདྲུད་སྒམ་འཐེན་ཞོར་དང་ཁུག་མ་ཆུང་ཆུང་རྣམས་འཁུར་ཞོར། བྱིས་པ་དང་རྒས་འཁོགས་ལ་རོགས་རམ་བྱེད་ཀྱིན་འདུག འོན་ཀྱང་རེ་འགས་མེ་འཁོར་གྱི་རྗེས་ཟིན་མ་སོང་། མེ་འཁོར་འཁོར་སྒམ་ནང་གི་གློག་ཆ་ཚང་བོད་ལུགས་བཟོ་དབྱིབས་ཀྱིས་བརྒྱན་ཡོད་པས། བོད་ཀྱི་ནང་མ་ཚོགས་ཁང་ཞིག་གི་རྣམ་པས་ཁེངས། ངའི་འདུག་སྟེགས་ཀྱི་ཁ་གཏད་དུ་མདོ་སྨད་ཕྱོགས་ནས་ཡོང་བའི་རྒད་པོ་ཞིག་དང་ཁོའི་བུ་མོ་གཉིས་བསྡད་འདུག ཁོས་བོད་ལྭ་ཞིག་གྱོན་ཡོད་ནའང་ཕྱི་ཚུལ་ལ་བལྟས་ན་འབྲོག་པ་དཀྱུས་མ་ཞིག་མིན་པར་རྒས་ཡོལ་ཞུས་ཟིན་པའི་མི་ཞིག་ལོས་ཡིན་བསམ་པ་ཞིག་འདུག ཁོའི་བུ་མོ་ནི་རང་ལོ་ ༥༠ ཡས་མས་ཙམ་སྟེ་ཁོང་མོའི་གདོང་ན་བུད་མེད་ཀྱི་གཤིས་སྤྱོད་ཁྱད་པར་བ་ཞིག་མངོན་འདུག མིག་ནང་གི་ཁྲག་ཐིག་དང་ཐོད་པའི་གཉེར་མ་དེ་དག་ལས། ཁོང་མོ་ནི་སེམས་ངལ་ཆེ་བའི་ལས་ཁུངས་ནང་གི་ལས་བྱེད་ཅིག་མིན་པར། རང་ཉིད་ཀྱི་བཟའ་ཟླ་དང་བུ་ཕྲུག་ཆེད་ཉིན་མཚན་དབྱེར་མེད་དུ་འབད་འབུངས་བྱེད་མཁན་ཞིག་ཡིན་པ་མཐོང་ཐུབ་ཀྱི་འདུག

དུས་སྐབས་འདིར་ངས་ནི་ཞྭ་མོ་དང་མིག་ཤེལ། ཁ་རས་བཅས་གྱོན་ནས་གྲ་སྒྲིག་ཨང་གསར་ཡིན། ངའི་མཐའ་འཁོར་གྱི་མི་མང་པོ་ཞིག་གིས་ཁ་རས་གྱོན་འདུག་ནའང་། མི་ཆ་ཚང་གིས་གྱོན་མི་འདུག འོན་ཀྱང་མི་ཚང་མ་ཞི་ལྷོད་དང་འཆམ་མཐུན། དེ་བཞིན་ཕན་ཚུན་ལ་བརྩི་བཀུར་དང་གུས་ཞབས་ཀྱི་རྣམ་པས་ཁེངས་འདུག གང་ལྟར་ང་ལ་ཡ་མཚན་དུ་འཇུག་མཁན་ནི་འགྲུལ་བཞུད་དེའི་ལམ་བར་ཡོངས་སུ་ཁ་རས་ཉིས་རྩེག་གྱོན་ནས་ཐེངས་གཅིག་ལའང་ཕུད་པ་མཐོང་མ་སོང་བའི་བུད་མེད་གཉིས་དེ་རེད། ངའི་གཡོན་ཕྱོགས་ཀྱི་འདུག་སྟེགས་ཐོག་ཡུན་ཙམ་རྗེས་སུ་ཁ་རས་མ་ནེའི་འོག་ཏུ་འཐེན་པའི་ཕོ་གཞོན་ཞིག་བསྡད་སོང་། ཁོང་ལ་མཚོན་ན་ཁ་རས་གྱོན་པ་ནི་དགོས་མེད་ཅིག་ཡིན་པ་གསལ་བོ་མཐོང་གི་འདུག

ང་གཞིས་ཀ་རྩེར་འབྱོར་སྐབས། བྱེ་མ་དང་རྡུལ་འཚུབ་འདྲེས་མའི་རླུང་བུ་དང་ས་གནས་ཀྱི་ཆར་ཞོད་ཀྱིས་ང་ལ་ཁོག་འདར་ཞིག་རྒྱག་ཏུ་བཅུག་བྱུང་ལ། ནམ་མཁའ་ཡང་སྐྱ་ཐིང་ངེ་འདུག གཞིས་ཀ་རྩེ་རུ་བོད་ཚེས་ཉེར་བརྒྱད་ཉིན་ལོ་སར་ཀྱི་ཉོ་ཚོང་ཆེད་ཁྲོམ་གཞུང་ཡོངས་སུ་བྲེལ་འཚུབ་ཆེ་བའི་མི་ཚོགས་དང་འུར་སྒྲས་ཁེངས་འགྲོ་བ་རེད། ཉིན་རྒྱབ་ཏུ་སློབ་ཆུང་སྐབས་ཀྱི་སློབ་གྲོགས་ཚོ་དང་ལྷན་དུ་སློབ་མཐར་ཕྱིན་རྗེས་ཐོག་དང་པོར་མཉམ་འཛོམས་བྱེད་དགོས་ཀྱི་ཡོད་སྟབས། ངས་དུས་ཚོད་དམ་འཛིན་བྱས་ཏེ་ལོ་སར་སྐབས་ཀྱི་འདུ་འཛི་ཆེ་བའི་ཁྲོམ་གཞུང་གི་རྣམ་པ་ལ་རོལ་དུ་ཕྱིན་པ་ཡིན། ཐོག་མའི་བསམ་བློར་ལོ་སར་སྐབས་ཀྱི་ཁྲོམ་ར་ནང་གི་སྐྱིད་སྣང་ལ་རོལ་དགོས་བསམ་ཡོད་རུང་། ད་ནི་ཁྲོམ་ར་འདིའང་ལྷ་སའི་ཁྲོམ་ར་དང་ཕལ་ཆེར་གཅིག་མཚུངས་སུ་གྱུར་འདུག ཁྲོམ་རའི་དཔལ་འབྱོར་གྱིས་ས་གནས་ཀྱི་སྲོལ་རྒྱུན་གྱི་བྱེད་སྒོ་རྣམས་གཞན་དང་གཅིག་མཚུངས་སུ་བཏང་འདུག ང་འདུ་འཛི་ཆེ་བའི་ཁྲོམ་རར་ཁ་བྲལ་ཏེ་སྨན་ཚོང་ཁང་ཞིག་ཏུ་ཁ་རས་དང་དུག་སེལ་སྨན་ཉོ་རུ་ཕྱིན། འོན་ཀྱང་དེར་ཁ་རས་བཙོང་ནས་རྫོགས་ཚར་འདུག ཕྱིས་སུ་ཚོང་ཁང་ཞིག་ནས་མཛེས་བཟོ་ཆེད་སྤྱོད་པའི་ཁ་རས་བཅུ་ཉོས་པ་ཡིན་ལ། ཕྱི་ཉིན་དེར་ཚོང་ཁང་འདྲ་མིན་ལ་སོང་ནས་དུག་སེལ་སྨན་དམ་བུ་བཅུ་ཉོ་རྒྱུ་རག་བྱུང་། སློབ་གྲོགས་མཉམ་འཛོམས་སྐབས། ང་ཚོའི་ཉེ་འཁོར་དུ་ཅི་ཞིག་འབྱུང་གི་ཡོད་སྐོར་གླེང་སྐབས་ཚང་མས་འཛུམ་རེ་བསྟན་ཏེ། དོན་དངོས་སུ་གནས་ཚུལ་དེ་འདྲའི་ཛ་དྲག་ཞིག་མིན་ཚུལ་བཤད་དེ་ང་ཚོས་སྐྱིད་པོ་བཏང་། ཆང་འཐུང་། འདས་དོན་བཤད་ནས་བསྡད། མཚན་མོ་དེ་ནི་སྤྲོ་སྣང་ལྡན་པ་ཞིག་བྱུང་ནའང་ཁྱད་མཚར་པོ་ཞིག་ཀྱང་བྱུང་།

ང་སྐྱེས་སའི་རྫོང་ཁུལ་དུ་གཞིས་ཀ་རྩེ་དང་བསྡུར་ན་ཅུང་གྲང་། གྲང་ངར་ལྡན་པའི་རླུང་བུས་ཁང་གླད་ཀྱི་དར་ལྕོག་ཟད་པོ་དག་ཤུགས་ཀྱིས་གཡུགས། སྡེ་བའི་མཐའ་འཁོར་གྱི་སྒོ་ཟོག་ཚོ་གཞུང་ལམ་སྟེང་ལེ་ལོ་ཡིས་ངང་ཁ་འཐོར་དུ་འགུལ་ཙམ་ཡང་བྱེད་འདོད་མེད་པ་ལྟར་གནས། གཉེན་ཉེ་ཚོ་ལོ་སར་གྲ་སྒྲིག་ལ་བྲེལ། འོན་ཀྱང་ང་ཚོས་ནད་ཡམས་ཆེན་མོ་འདིའི་སྐོར་གླེང་གིན་ཡོད་ལ། ངས་ཁོང་ཚོར་གནས་སྟངས་ཇི་ཙམ་ཛ་དྲག་ཡིན་ཚུལ་ནན་ཏན་དུ་བཤད་པར་བརྟེན། ཨ་ཕ་རྫོང་ཐོག་ཏུ་ཕྱིན་ཏེ་སྤུས་ཀ་ཤིན་ཏུ་སྐྱོ་བའི་རྒྱ་ནག་ནུབ་བྱང་ཕྱོགས་ཀྱི་སྡེབ་ཚོང་བྱེད་བཞིན་པའི་ཁ་རས་འགའ་ཉོས།

ལོ་སར་གྱི་ཉིན་དང་པོར་ཁྱིམ་མི་མཉམ་འཛོམས་བྱས་ཏེ་ཞིམ་པའི་ལུག་མགོ་དང་ལུག་གི་གློ་བ་བརྔོས་མར་རོལ་ཏེ། ཞི་བདེ་ངང་གླེང་མོལ་བྱེད་པ་དང་མཐོ་སྒང་གི་ནས་ཆང་འཐུང་ཏེ་བོད་ཀྱི་ལོ་སར་ལ་རོལ། དེ་ནི་རང་ཉིད་ནར་སོན་རྗེས་བོད་ཀྱི་ལོ་སར་ལ་རོལ་སྟངས་ཤིག་ཡིན་ཨང་། དགོང་ཚོགས་འཁྲུག་པོ་གཞན་དང་དབྱེ་བ་མེད་པ་རེད།

ལོ་སར་གྱི་ཉིན་གཉིས་པར་སྡེ་མི་ཚོ་དགོན་པའི་ར་སྐོར་ནང་འཛོམས་ཏེ། ས་གནས་བོད་མིས་འཁྲབ་པའི་སྣང་ས་འོད་འབུམ་གྱི་ཟློས་གར་ལ་བལྟས་པ་ཡིན། ཁྱིམ་ཚང་རེ་རེའི་འདུག་སྟེགས་ལོ་ངོ་མང་པོའི་སྔོན་ནས་གཏན་འཁེལ་བྱས་པ་རེད་ལ། སྤྱི་ཚོགས་ཀྱི་འགྲོ་ལུགས་ལྟར་གྱུར་ཡོད་པ་དེར་དུས་ད་ལྟའང་འགྱུར་བ་གང་ཡང་ཕྱིན་མེད། ཟློས་གར་འདི་ལོ་ནས་ལོ་མཐུད་དེ་གཞོན་རབས་པ་ཚོས་རྒན་རབས་པ་ཚོ་བརྗེས་ནས་འཁྲབ་གྱི་ཡོད་པ་མཐོང་རྒྱུ་ཡོད་ནའང་། དེར་འགྱུར་བ་ཏོག་ཙམ་ལས་མཐོང་རྒྱུ་མེད་པ་རེད།

ལོ་སར་གྱི་ཉིན་གསུམ་པར་སྡེ་བའི་རྒྱང་བསྒྲགས་ནང་གོང་རིམ་ནས་བརྡ་ཁྱབ་འབྱོར་ཏེ་ཟློས་གར་གྱི་མཚམས་འཇོག་དགོས་པ་དང་། མི་ཚོགས་ཟློས་གར་ལ་ལྟ་རུ་འགྲོ་མི་ཆོག་པ་བསྒྲགས། དེ་ནི་ང་ཚོའི་སྡེ་བ་ཆུང་ཆུང་འདི་ལ་ཧ་ཅང་རྒྱང་རིང་བའི་ཝུ་ཧན་གྲོང་ཁྱེར་ནང་གི་ནད་ཡམས་ཀྱི་ཤུགས་རྐྱེན་སླེབས་པ་ཐོག་མ་དེ་ཡིན་པ་རེད། སྡེ་མི་རྣམས་གྲ་སྒྲིག་གཅིག་ཀྱང་མེད་སྟབས་ཁོང་ཚོ་ཧ་ལས་ཤིང་བློ་ཕམ་པའི་གནས་སུ་ལྷུང་། ཟློས་གར་ལ་ལྟ་ཆེད་དགོན་པའི་ནང་ཡོད་པའི་ཅོག་ཙེ་དང་རྐུབ་སྟེགས་རྣམས་དེ་མ་ཉིད་དུ་ཡར་བསྡུ་རྒྱུར་ཁས་ལེན་མ་བྱས། འོན་ཀྱང་མཇུག་མཐར་སྡེ་བའི་ལས་རིམ་ཡོངས་རྫོགས་མཚམས་བཞག དེའི་ཕྱི་ཉིན་ཇ་ཁང་དང་ཟ་ཁང་། ཆུ་ཚན་སོགས་རིམ་པར་སྒོ་བརྒྱབ། སྒོ་རྒྱག་པའི་རིམ་པ་དེ་ནི་ཧ་ཅང་མགྱོགས་པོ་དང་ཐག་ཆོད་པོས་ངང་ལག་བསྟར་བྱས།

ལོ་སར་གྱི་ཉིན་བཞི་པར་ང་རང་སྡེ་དང་བྲལ་ནས་ཕྱིར་ལྷ་སའི་ཕྱོགས་སུ་ལམ་ལ་ཆས། མེ་འཁོར་ནང་འགྲུལ་བ་ཕལ་ཆེ་བས་ཁ་རས་གྱོན་ཞིང་། གདོང་ལ་བློ་འཚབ་ཀྱིས་ཁེངས་འདུག ཁོང་ཚོས་ལོ་སར་སྐྱིད་པོ་ཞིག་རོལ་ཐུབ་མེད་ཚོད་དུ་འདུག ཡང་གཅིག་བྱས་ན་ཁོང་ཚོས་ལྷ་སར་ཅི་ཞིག་གིས་སྒུག་ནས་ཡོད་པ་ལ་བསམ་བློ་གཏོང་གི་ཡོད་པ་ཚོར། ངའི་རྒྱབ་དུ་བསྡད་ཡོད་པའི་ཨ་མ་རྒན་མོ་ཞིག་གིས་ཡང་དང་བསྐྱར་དུ་ང་ལ་ལྷ་སར་ནད་དུག་དེ་སླེབ་སྲིད་མིན་དྲིས་ཤིང་། དེར་དགེ་འདུན་པ་དང་རིན་པོ་ཆེ་ཧ་ཅང་མང་པོས་བྱིན་གྱིས་བརླབས་ཡོད་སྟབས་འགྲིག་འགྲོ་ཚུལ་ང་ལ་བཤད། ངས་ཕལ་ཆེར་འགྲིག་འགྲོ་ཚུལ་གྱི་ལན་བཏབ་ནའང་། རྒྱ་ནག་སྐམ་ས་དང་ལྷ་ས་བར་ཁྱད་པར་མེད་པས་རང་སྲུང་མུ་མཐུད་བྱེད་དགོས་པར་བསྐུལ། ལྷ་སའི་ནང་རྟོག་ཞིབ་ནན་པོ་བྱེད་ཀྱི་ཡོད་སྟབས་ས་ཚིགས་གཅིག་ནས་ཕྱིར་ཐོན་པར་ཆུ་ཚོད་གཅིག་འགོར་གྱི་འདུག ཁོང་ཚོས་མི་ཚང་མའི་ཚ་གྲང་ལ་འཇལ་བ་དང་མིང་ཐོ་འགོད་པ་སོགས་ཞིབ་ཕྲའི་གནས་ཚུལ་མང་པོ་བསྡུ་ཡི་འདུག

འདི་ལོར་བོད་མི་ཚང་མས་ཝུ་ཧན་ནས་ཡོང་བའི་ཀྲང་ཆེ་གེ་མོ་ཟེར་བའི་མིང་ཁྱད་པར་བ་དེ་ཤེས། ཀྲང་ཆེ་གེ་མོ་ཟེར་བ་དེས་བོད་ནང་འགྲོ་སྐྱོད་ལ་འདི་འདྲའི་ཤུགས་རྐྱེན་སྤྲད་པར་ལེ་བརྡ་བྱེད་པ་ལས་གཞན། ང་ཚོས་ཁོང་ལ་བཀའ་དྲིན་ཡང་ཞུ་འོས་པ་ཞིག་རེད། རྒྱུ་མཚན་ནི་ཁོང་ལ་བརྟེན་ནས་བོད་མི་ཚོར་ནད་དུག་རང་ཉིད་ཀྱི་སྒོ་འགྲམ་དུ་བསླེབས་ཡོད་པའི་ངེས་ཤེས་རྙེད་དུ་བཅུག་ཅིང་། བོད་མི་ཚོར་ནད་ཡམས་ཆེན་པོའི་སྐབས་ཇི་ལྟར་སྔོན་འགོག་བྱེད་པའི་ཐད་མྱོང་བ་རིན་ཐང་བྲལ་བ་ཞིག་ཐོབ་ཡོད་པ་རེད། དེ་མིན་ང་ཚོ་ནང་དུ་འཛུལ་ནས་ལྷོད་ལྷོད་འདུག་པའམ་ཡོད་ཚད་འཇིགས་འགྲོ་བའི་སེམས་འཚབ་ནང་ལྷུང་ཡོད་ངེས་རེད་ལ། དེང་གི་ཚན་རིག་དང་མཐུན་པའི་སྔོན་འགོག་གི་གོ་རྟོགས་ཤིག་རྙེད་དཀའ་བ་རེད།

མི་རབས་རྒན་པ་རྣམས་ཀྱི་འདས་པའི་དུས་རབས་ཀྱི་ནད་ཡམས་ཀྱི་མྱོང་བ།

ངའི་ཨ་ཕས་ཕྱི་ལོ་ཆིག་སྟོང་དགུ་བརྒྱ་དོན་གྲངས་ནང་གི་ནད་ཡམས་ཤིག་གི་སྐོར་ང་ལ་བཤད་མྱོངས། སྡེ་མི་ཞིག་ལ་འཇིགས་སུ་རུང་བའི་ན་ཚ་ཞིག་གཡག་ཤི་རོ་ཞིག་ལས་འགོས་ཏེ། ལུས་སྟེང་ལ་རྒྱ་སེ་མེ་ཏོག་ལྟ་བུའི་དམར་ཐིག་ལྷུང་ནས་ཅུང་མ་འགོར་བར་རྐྱེན་འདས་སུ་ཕྱིན། དེ་འདྲའི་སྐྱི་གཡའ་བའི་གནས་སྟངས་ཤིག་གི་འོག གྲོང་མི་སུས་ཀྱང་ཁྱིམ་ཚང་དེར་བེམ་པོ་ཕྱིར་འདོན་རོགས་བྱེད་མ་ཕོད་པས། ཁྱིམ་མི་ཡོངས་ནས་མཐེ་བོང་བསྟན་ཏེ་གང་སར་རོགས་རམ་བྱེད་པར་ཞུ་བ་བྱས་མཐར་ཁོང་ཚོས་བེམ་པོ་ས་འོག་དུ་སྦས་དགོས་བྱུང་། བོད་མི་ཚོས་དུས་རབས་ ༡༣ ནས་བཟུང་བེམ་པོ་བྱ་གཏོར་བྱས་ཤིང་། དུར་སྦས་བྱས་ཏེ་རུས་པ་ས་འོག་ཏུ་ལྷག་ཚེ་མི་རབས་རྗེས་མ་རྣམས་ལ་གོད་ཆགས་འབྱུང་བར་ཡིད་ཆེས་བྱེད་པ་རེད། རྗེས་སུ་ཁོང་ཚོས་དུར་ས་བྲུས་ཏེ་བློ་སེམས་ཅུང་བདེ་ཆེད་རུས་པ་རྣམས་མེར་བསྲེགས་ཐུབ་ཙམ་བྱུང་།

ཉིན་ཤས་གོང་ (萨吾齐)  ཡིས་ང་ཚོར་ཁོང་གི་ཨ་ཕས་བཤད་པའི་སྒྲུང་ཞིག་གི་སྐོར་ང་ཚོར་བཤད། ཁོང་ཚོའི་གྲས་གྱི་མི་ཞིག་ལ་ལྷ་འབྲུམ་བྱུང་བར་མི་དེར་ས་སྟོང་ཞིག་དུ་གུར་ཕུད་དེ་ཉེ་འབྲེལ་ཟ་མ་སྐྱེལ་མཁན་ལས་གཞན་སུའང་གུར་དེའི་སྒོ་འགྲམ་ལ་འགྲོ་མ་ཕོད། ཉིན་ཞིག་གུར་གྱི་ནང་དུ་གྲགས་འགུལ་ཅི་ཡང་མ་བྱུང་སྟབས། གུར་སྒོ་འབྱེད་སྐབས་མི་དེས་རང་ཉིད་ཀྱི་གློ་གྲི་བཏོན་ནས་ས་དོང་བརྐོས་ཤིང་རང་ཉིད་དེའི་ནང་དུ་དབུགས་ཆད་ཡོད་འདུག དེ་ནི་ཅི་འདྲའི་དཔའ་ཉམས་ལྡན་ཞིང་ཚུལ་མཐུན་ཞིག་རེད་ཨང་། མི་ཡོད་དོ་ཅོག་འཆི་ངེས་པ་དང་རང་ཉིད་དུར་སྦས་བྱེད་ཆེད་ས་དོང་བརྐོས་པ་ནི་ཅི་འདྲའི་གཟི་བརྗིད་ལྡན་པ་ལ་ཨང་།

ད་ལྟ་ལས་གནས་སུ་ངས་ནད་ཡམས་སྔོན་འགོག་དང་སྲུང་སྐྱོབ་ཀྱི་བྱེད་ཐབས་རྣམས་བཀོལ་གྱིན་ཡོད། ལས་མཚམས་བཞག་རྗེས་དཔེ་ཀློག་བྱེད་ཀྱིན་ཡོད། ད་ལྟ་བོད་ཀྱི་ལོ་སར་ཡང་རྫོགས་པ་ལྟ་བུ་ཞིག་རེད། ཏོག་དབྱིབས་ནད་གསར་འཛམ་གླིང་ཁྱོན་ཡོངས་སུ་ཁྱབ་བརྡལ་དུ་འགྲོ་བཞིན་ཡོད་ལ། ཨི་ཊ་ལི་དང་ཨི་རན། ཉི་ཧོང་དང་ལྷོ་ཀོ་རི་ཡ་བཅས་གོད་ཆག་ཕོག་ཡུལ་ཆེ་ཁག་ཏུ་གྱུར། རྒྱལ་ཁབ་སོ་སོས་དམར་གསོད་དགོས་པ་དམར་གསོད་བཏང་། ཟུར་བཀག་དགོས་པ་ཟུར་བཀག་བྱས། བཅོས་ནུས་ཐབས་མེད་བྱུང་པ་རང་དགར་བཞག མདོར་ན་རྒྱལ་ཁབ་སོ་སོས་གང་ནུས་ཅི་ལྕོགས་ཀྱིས་ནད་ཡམས་ལ་གདོང་ལེན་བྱེད་ཀྱི་ཡོད་པ་རེད། གང་སར་མིའི་ཚེ་སྲོག་འཕྲོག་བཞིན་པའི་འགོས་ཚད་ཆེ་བའི་ནད་ཡམས་འདིའི་ཁ་ཐད་དུ། ཨ་ཧྥི་རི་ཀའི་འབུ་ཆ་གཱ་པ་ནི་འཇིགས་སུ་རུང་བ་ཞིག་ཅི་ཡང་མིན་པ་རེད།

སྒྱུར་བ་པོའི་མཆན། ཉིན་ཐོའི་རྩོམ་ཡིག་འདི་ནི་བོད་ཀྱི་རྒྱལ་ས་ལྷ་སར་གནས་སྡོད་བྱེད་བཞིན་པའི་གཡང་དྲུང་འགྱུར་མེད་ཞེས་པ་ཞིག་གིས། འདི་ལོའི་ཕྱི་ཟླ་ ༢ ཚེས་ ༢༩ ཉིན་རྒྱ་ཡིག་ནང་བྲིས་ཤིང་སྐད་འཕྲིན་ཐོག་སྤེལ་བ་དང་། རི་མཐོ་ས་གཙང་དྲ་ཚིགས་སུ་དབྱིན་བསྒྱུར་བྱས་པ་གཉིས་ཞིབ་བསྡུར་བྱས་ཏེ་བོད་སྒྱུར་བྱས་པ་ཡིན།

བསྐྱར་བཅོས།: ༢༠༢༠/༠༦/༢༣

Leave a Reply