བོད་ནང་སེར་བ་དང་ཆུ་ལོག་གིས་གནོད་སྐྱོན་ཐེབས།

བོད་མགོ་ལོག་ཕྱོགས་སུ་སེར་བ་ཆེན་པོ་བབས་ཏེ་རྒྱུ་དངོས་ལ་གནོད་སྐྱོན་ཆེན་པོ་ཐེབས་ཡོད་པ་དང་དེ་བཞིན་བོད་རྔ་བ་ཁུལ་གྱི་ལྟེ་གནས་འབར་ཁམས་ཕྱོགས་སུ་ཆུ་ལོག་གི་གནོད་སྐྱོན་ཆེན་པོ་ཐེབས་ཡོད་འདུགཁ་སང་ཕྱི་ཚེས་ ༡༤ ཉིན་གྱི་ཕྱི་དྲོ་བོད་ནང་གི་ཆུ་ཚོད་ ༤ ཙམ་ལ་བོད་མགོ་ལོག་ཁུལ་ཐོག་ཏུ་སེར་བ་ཆེན་པོ་བབས་ཏེ། ཡུལ་མི་ཚོའི་ཁང་པའི་སྒོ་དང་སྒེའུ་ཁུང་། རླངས་འཁོར་སོགས་ལ་ཆག་སྐྱོན་ཆེན་པོ་ཐེབས་ཡོད་པ་མ་ཟད། བྱ་བྱེའུ་སོགས་སེམས་ཅན་ཆུང་རིགས་ཧ་ཅང་མང་པོ་བསད་ཡོད་པ་དང་། གོང་རིམ་ནས་གནས་ཚུལ་དེའི་སྐོར་ཕྱི་ལ་བསྒྲགས་པ་དང་སྤྱི་ཚོགས་དྲ་ལམ་ཁག་ཏུ་བརྒྱུད་སྐུར་བྱེད་མི་ཆོག་སྐོར་བརྗོད་དེ་དམ་དྲག་བྱེད་བཞིན་ཡོད་འདུག

འདི་གའི་གསར་འགོད་པར་རྒྱ་གར་རྒྱལ་ས་ལྡི་ལི་ར་གནས་སྡོད་མགོ་ལོག་ནས་ཡིན་པའི་ཚེ་དབང་རྒྱལ་མཚན་གྱིས།  སེར་བ་ཆེ་བ་རེའི་ཆེ་ཚད་ལ་ཤིང་ཏོག་ཀུ་ཤུ་རེ་འདྲ་བོ་ཡོད་པ་དང་། སེར་བ་འབབ་ས་གཙོ་བོ་རྫོང་ཐོག་ཡིན་པས། བྱ་བྱེའུ་རིགས་དང་སེམས་ཅན་ཆུང་རིགས་ལ་ཤི་སྐྱོན་ཆེན་པོ་ཐེབས་ཡོད་པ་མ་གཏོགས། ད་ལྟའི་ཆར་མི་ཕྱུགས་སོགས་ལ་འཆི་རྨས་བྱུང་བའི་གནས་ཚུལ་གང་ཡང་མེད་པ་དང་། རྒྱུ་ནོར་ལ་གྱོང་གུད་ཤུགས་ཆེན་པོ་ཐེབས་ཡོད་སྐོར་བརྗོད་བྱུང་།

ཡང་ཁོང་གིས། སེར་བ་ཆེན་པོ་དེ་བབས་རྗེས་གོང་རིམ་ནས་གནས་ཚུལ་དེའི་སྐོར་སྤྱི་ཚོགས་དྲ་ལམ་ཁག་སོགས་ནས་ཕྱི་ལ་བརྒྱུད་སྒྲོག་བྱེད་མི་ཆོག་པའི་དམ་དྲགས་བྱེད་བཞིན་ཡོད་པ་མངོན་གསལ་ཡིན་པ་དང་།ས་གནས་ཡུལ་མི་མང་པོར་འབྲེལ་བ་བྱས་ཏེ་གནས་ཚུལ་དེའི་སྐོར་དྲིས་པར་མང་པོ་ཞིག་གིས་འཚམས་འདྲི་དང་། ནམ་རྒྱུན་གྱི་སྐད་ཆ་བཤད་པ་ལས་གནས་ཚུལ་དེའི་སྐོར་བཤད་མཁན་གཅིག་ཀྱང་མེད་པ་མ་ཟད། ཚོགས་པ་ཞིག་གི་ནང་དུ་དྲིས་པར་གནས་ཚུལ་དེ་བཤད་ཉན་གྱི་མེད་སྐོར་བཤད་སོང་བརྗོད་བྱུང་།

གཞན་ཡང་། ཕྱི་ཚེས་ ༡༤ ཉིན་བོད་རྔ་བ་འབར་ཁམས་རྫོང་དང་བརྒྱད་ཟིལ་རྫོང་སོགས་སུ་དྲག་ཆར་དང་ཆུ་ལོག་ཆེན་པོ་བྱུང་སྟེ། ཟམ་པ་ཆད་པ་དང་གྲོང་ཁྱེར་ནང་ཆུ་ལོག་རྒྱུག་སྟེ་ཁང་པ་མང་པོ་ཆུའི་ནང་བསྣུབས་པ་སོགས་བྱུང་ཡོད་པ་དང་། རྒྱ་ནག་གཞུང་འབྲེལ་གསར་འགྱུར་བརྒྱུད་ལམ་ཁག་ནང་ས་ཁུལ་དེ་དག་ནང་བསྟུན་མར་ཆར་བ་བབས་པའི་རྐྱེན་གྱི། ཟམ་ཆེན་གཉིས་དང་གཞུང་ལམ་སོགས་ལ་གཏོར་སྐྱོན་ཆེན་པོ་བྱུང་བ་ལས་མི་ལ་ཤི་རྨས་བྱུང་མེད་པ་དང་། ད་ལྟའི་ཆར་ཟམ་ཆེན་གཉིས་དང་གཞུང་ལམ་སོགས་བསྐྱར་གསོའི་མགོ་བཙུགས་ཡོད་འདུགབོད་ཤར་བརྒྱུད་ཀྱི་འབར་ཁམས་དང་བརྒྱད་ཟིལ། ཁྲོ་ཆུ། ཁྲི་ཚང་། བོད་དང་རྒྱ་ནག་གི་ས་མཚམས་སུ་ཁེལ་བའི་རྒྱ་ནག་གི་ མེན་ཡཱང་། མེན་ཀྲུའུ་སོགས་རྫོང་དང་གྲོང་ཁྱེར་དེ་དག་རི་ཁུག་ལུང་ཁུག་ཏུ་ཡོད་སྟབས། ས་ཡོམ་དང་ཆུ་ལོག་རི་ཉིལ་སོགས་ཀྱི་གནོད་སྐྱོན་མང་པོ་བྱུང་གི་ཡོད་པ་དང་། ཕྱི་ལོ་ ༢༠༠༨ ལོར་ཁྲི་ཚང་རྫོང་ཁུལ་དུ་ས་ཡོམ་ཚད་རིམ་ ༧.༩ ཅན་ཞིག་བྱུང་སྟེ་མི་གྲངས་ ༨༧༠༠༠ རྐྱེན་འདས་སུ་ཕྱིན་ཡོད་པ་རེད།

ལོ་ཤས་སྔོན་ནས་བོད་ཁུལ་གྱི་ས་ཆ་སོ་སོར་རང་བྱུང་གི་གནོད་སྐྱོན་ཡོང་ཤུགས་ཆེ་རུ་འགྲོ་བཞིན་ཡོད་པ་དང་། རྒྱལ་སྤྱིའི་ཁོར་ཡུག་ཆེད་མཁས་པ་དང་བོད་ཀྱི་རང་བྱུང་ཁོར་ཡུག་ཉམས་ཞིབ་པ་མང་པོས་གནད་དོན་དེ་དག་ནི། རྒྱ་ནག་གཞུང་གིས་བོད་ནང་གཏེར་ཁ་སྔོག་འདོན་དང་ཤིང་ནགས་གཅོད་བྲེག། བཟོ་གྲྭ་དང་ཆུ་མཛོད་གང་བྱུང་འཛུགས་སྐྲུན་བྱས་པས། བོད་ནང་ལོ་རེ་བཞིན་གནམ་གཤིས་དོ་མི་མཉམ་པ་དང་དྲག་ཆར་འབབ་པ། རླུང་འཚུབ་གཡུག་པ། རྩྭ་ས་བྱེ་ཐང་དུ་འགྱུར་བ། ཆུ་ལོག་རྒྱུག་པ། ས་ཡོམ་རི་ཉུལ་གྱི་དོན་རྐྱེན་མང་པོ་བྱུང་གི་ཡོད་སྐོར་བརྗོད་བཞིན་ཡོད་པ་རེད།

གསར་འགོད་པ། སངས་རྒྱས་དཀོན་མཆོག

བསྐྱར་བཅོས།: ༢༠༢༠/༠༦/༡༥

Leave a Reply