རླངས་རྫ་འཐོར་ཏེ་མི་ ༢༠༠ མ་ཟིན་ཞིག་ལ་ཤི་རྨས་ཐེབས།

རྒྱ་ནག་ཀྲི་ཅང་ཞིང་ཆེན་ཝན་ལིན་གྲོང་ཁྱེར་ནང་རླངས་རྫ་སྐྱེལ་འདྲེན་རླངས་འཁོར་ཞིག་ལ་འབར་གས་དོན་རྐྱེན་བྱུང་སྟེ་ཉུང་མཐར་མི་ ༡༩ རྐྱེན་འདས་དང་མི་ ༡༧༠ ལྷག་ལ་རྨས་སྐྱོན་བཟོས་ཡོད་འདུགཟླ་འདིའི་ཕྱི་ཚེས་ ༡༣ ཉིན་ཀྲི་ཅང་ (Zhejiang) ཞིང་ཆེན་གྱི་ཝན་ལིན་ (Wenling) གྲོང་ཁྱེར་གྱི་འདབས་སུ་ཡོད་པའི་ལིང་ཧྲན་(Liangshan) སྡེ་བའི་འགྲམ་གྱི་ རླངས་རྫ་སྐྱེལ་འདྲེན་རླངས་འཁོར་ཞིག་ལ་འབར་གས་བྱུང་སྟེ། ཉེ་འགྲམ་གྱི་ཁང་རྩེག་ཅིག་རྩ་གཏོར་དུ་བཏང་བ་སོགས་ཉུང་མཐར་མི་གྲངས་ ༡༩ རྐྱེན་འདས་སུ་ཕྱིན་པ་དང་། མི་གྲངས་ ༡༧༢ ལྷག་ལ་རྨས་སྐྱོན་བཟོས་ཡོད་འདུག

རྒྱ་ནག་གཞུང་འབྲེལ་ཤིན་ཧྭ་གསར་ཁང་གིས་སྤེལ་བའི་དེའི་སྐོར་གྱི་གནས་ཚུལ་ནང་། རླངས་རྫ་སྐྱེལ་འདྲེན་རླངས་འཁོར་དེ་ཉེ་འགྲམ་གྱི་བཟོ་གྲྭའི་ཁང་རྩེག་ཅིག་གི་ནང་འཇོག་སྐབས། འབར་གས་ཐེངས་གཉིས་བྱུང་ཡོད་སྐོར་བཀོད་འདུག

སྤྱི་ཚོགས་དྲ་ལམ་ཁག་ཏུ་བརྙན་ཐུང་དང་པར་རིས་ཁག་མཐོང་རྒྱུ་ཡོད་པའི་ནང་། རླངས་རྫ་གས་འཐོར་བྱུང་བ་ལ་བརྟེན། རླངས་འཁོར་དང་ཁང་བ་སོགས་མེར་འཚིག་པ་དང་སར་འགྱེལ་བ་དང་། མི་མང་པོ་རྐྱེན་འདས་སུ་ཕྱིན་པ་དང་རྨས་མ་རྣམས་སྨན་ཁང་དུ་འཁྱེར་ནས་འགྲོ་བཞིན་པ་སོགས་མཐོང་རྒྱུ་འདུག་ནའང་། རྒྱུ་དངོས་ལ་གྱོང་གུད་ཅི་ཙམ་ཐེབས་ཡོད་མེད་ཐད་རྒྱ་ནག་གཞུང་གིས་གནས་ཚུལ་སྤེལ་མེད་པ་རེད།

དོན་རྐྱེན་དེ་དང་འབྲེལ་ཝན་ལིན་ (Wenling) གྲོང་ཁྱེར་གྱི་སྤྱི་ཁྱབ་གཞོན་པ་ཀྲུའུ་མིན་ལེན་ (Zhu Minglian) གྱིས། འབྲེལ་ཡོད་མྱུར་སྐྱོབ་མི་སྣ་གྲངས་ ༢༦༠༠ ལྷག་གིས་མྱུར་སྐྱོབ་བྱས་དང་བྱེད་མུས་ཡིན་པ་དང་། རྨས་མ་རྣམས་ཉེ་འཁོར་གྱི་སྨན་ཁང་ཁག་གི་ནང་སྨན་བཅོས་བྱེད་བཞིན་ཡོད་སྐོར་བརྗོད་འདུག

ས་གནས་ཀྱི་གསར་ཁང་ཁྲུང་ཆིན་ཉིན་རེའི་གསར་འགྱུར་ (Chongqing Daily) ཟེར་བས་གནས་ཚུལ་བཀོད་པ་ལྟར་ན། རླངས་རྫས་བཟོ་ལས་ཁང་དེར་བདེ་འཇགས་དང་འཕྲོད་བསྟེན་ལ་འབྲེལ་བ་ཡོད་པའི་གནད་དོན་འོག་ཐེངས་ ༡༡ ཙམ་ལ་ཉེས་ཆད་ཕོག་མྱོང་ཡོད་འདུག

ཉེ་བའི་ལོ་ཤས་རིང་ནས་རྒྱ་ནག་གཞུང་གིས་མྱུར་སྐྱོད་གཞུང་ལམ་འཛུགས་བསྐྲུན་གྱི་ལས་གཞི་ཧ་ཅང་རྒྱ་ཆེན་པོ་སྤེལ་གྱི་ཡོད་པ་དང་། རླངས་འཁོར་གྱི་གྲངས་འབོར་ཡང་ཤུགས་ཆེན་འཕར་གྱི་ཡོད་སྟབས། འགྲིམ་འགྲུལ་བདེ་འཇགས་ནི་རྒྱལ་ཡོངས་ཀྱི་གནད་དོན་ཞིག་ཏུ་འགྱུར་གྱི་ཡོད་པ་རེད། འདས་ལོའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འཕྲོད་བསྟེན་ལྷན་ཚོགས་ཀྱི་སྙན་ཐོ་ལྟར་ན། འགྲིམ་འགྲུལ་དོན་རྐྱེན་ཁྲོད་རྒྱ་ནག་ནང་ལོ་རེར་མི་གྲངས་འབུམ་ ༢ ལྷག་རེ་རྐྱེན་འདས་སུ་འགྲོ་བཞིན་ཡོད་འདུག

གསར་འགོད་པ། ཀླུ་མགོན་ཐར།

བསྐྱར་བཅོས།: ༢༠༢༠/༠༦/༡༩

Leave a Reply