པེ་ཅིན་དུ་ཏོག་དབྱིབས་ནད་ཡམས་བསྐྱར་དུ་བྱུང་།

པེ་ཅིན་དུ་ཉིན་གྲངས་ ༤ ནང་ཉུང་མཐར་ཏོག་དབྱིབས་ནད་པ་གསར་པ་ ༣༦ བྱུང་སྟེ་ཝུ་ནན་གྲོང་ཁྱེར་གཉིས་པ་ལྟ་བུ་ཞིག་ཏུ་མི་འགྱུར་བའི་ཆེད་དུ་བཀག་སྡོམ་ཞིབ་བཤེར་ནན་པོ་བྱེད་བཞིན་ཡོད་འདུགདེ་རིང་རྒྱལ་སྤྱིའི་གསར་ལམ་ཁག་ཏུ་གནས་ཚུལ་ཐོན་པ་ལྟར་ན། ཁ་སང་རྒྱ་ནག་གི་རྒྱལ་ས་པེ་ཅིན་དུ་ཡང་བསྐྱར་ཏོག་དབྱིབས་ནད་པ་གསར་པ་ ༣༦ ཐོན་པའི་རྐྱེན་གྱིས། ནད་ཡམས་ཀྱི་འབྱུང་ཁུངས་སུ་ངོས་འཛིན་བྱས་པའི་ལྷོ་བརྒྱུད་པེ་ཅིན་གྱི་ཧྥེང་ཐའེ་ (Fengtai) རྫོང་དུ་ཆགས་པའི་ཞིང་ལས་ཐོན་སྐྱེད་དང་ཤའི་སྡེབ་ཚོང་ཁྲོམ་ར་ཤིན་ཧྥ་ཏི་(Xinfadi)གཙོས་པའི་ཉེ་འགྲམ་གྱི་ས་ཁུལ་ཡོངས་རྫོགས་སྒོ་བརྒྱབ་ཡོད་པ་མ་ཟད། ཧྥེང་ཐའེ་ཡི་རྫོང་དཔོན་གཞོན་པ་དང་ཧུ་ཤང་ (Huaxiang) གྲོང་སྡེའི་དམར་ཤོག་དྲུང་ཆེ། དེ་བཞིན་སྡེབ་ཚོང་ཁྲོམ་རའི་སྤྱི་ཁྱབ་ལྟ་སྐུལ་བ་བཅས་ལས་གནས་ནས་ཕྱིར་འབུད་བཏང་ཡོད་འདུག

རྒྱ་ནག་གཞུང་འབྲེལ་ཤིན་ཧྭ་གསར་ཁང་ལྟར་ན། རྒྱ་ནག་ཏུ་ནད་ཡམས་བསྐྱར་ལོག་བྱུང་བ་དང་བསྟུན། རྒྱ་ནག་གི་ཏོག་དབྱིབས་ནད་ཡམས་སྟངས་འཛིན་གྱི་སྣེ་འཁྲིད་པ་གཙོ་བོ་སྲིད་བློན་གཞོན་པ་སུན་ཁྲུན་ལན་ (Sun Chunlan) ཟེར་བ་དེས། ཐེངས་འདིའི་ནད་ཡམས་ཐོན་སའི་ས་ཁུལ་དེ་མི་མང་གི་འདུ་འཛོམས་ཆེ་བའི་སྡེབ་ཚོང་ཁྲོམ་ར་ཞིག་ཡིན་སྟབས། ནད་ཡམས་འགོས་ཁྱབ་ཤུགས་ཆེར་འགྲོ་རྒྱུའི་ཉེན་ཚབས་ཆེན་པོ་ཡོད་སྟབས། ཁྲོམ་རར་བརྟག་དཔྱད་ཞིབ་ཚགས་བྱེད་དགོས་པ་མ་ཟད། ནད་ཡམས་ཀྱི་འབྱུང་ཁུངས་ཕུ་འདེད་ཀྱིས་རྒྱལ་ནང་དུ་ནད་ཡམས་བསྐྱར་ལོག་བྱུང་དུ་འཇུག་རྒྱུ་མིན་སྐོར་བརྗོད་ཡོད་འདུག

རྒྱ་ནག་རྒྱལ་ཡོངས་འཕྲོད་བསྟེན་ལྷན་ཁང་གི་ཁྲབ་བསྒྲགས་ལྟར་ན། པེ་ཅིན་ནང་ཟླ་གཉིས་ལྷག་གི་རྗེས་ཏེ། ཟླ་འདིའི་ཕྱི་ཚེས་ ༡༡ ཉིན་ཏོག་དབྱིབས་ནད་པ་གཅིག་ཐོན་ཡོད་པ་དེར་རྩད་གཅོད་བྱེད་སྐབས། ཁོ་པ་ཟླ་འདིའི་ཚེས་མགོར་ཧྥེང་ཐའེ་རྫོང་གི་སྡེབ་ཚོང་ཁྲོམ་ར་དེར་བསྐྱོད་མྱོང་བ་ལས། ས་ཁུལ་གཞན་དུ་བསྐྱོད་མྱོང་མེད་པ་དང་། དེ་བཞིན་ཟླ་འདིའི་ཕྱི་ཚེས་ ༡༢ ལ་ནད་པ་གསར་པ་ ༦ ཐོན་པ་དེ་དག་ཀྱང་སྡེབ་ཚོང་ཁྲོམ་ར་དེར་བསྐྱོད་མྱོང་བ་དང་། ཕྱི་ཚེས་ ༡༣ ཉིན་ཐོན་པའི་ནད་པ་ ༣༦ དེ་དག་ཚང་མ་ཁྲོམ་ར་དེར་འབྲེལ་བ་ཡོད་པ་ཤ་སྟག་ཡིན་འདུག གང་ལྟར་འདས་པའི་ཉིན་གྲངས་ ༤ ནང་པེ་ཅིན་གྲོང་ཁྱེར་ནང་ཏོག་དབྱིབས་ནད་པ་ ༧༩ ཐོན་ཡོད་ཅིང་། ཕྱི་ཚེས་ ༡༡ ནས་བཟུང་ད་བར་རྒྱ་ནག་གི་བྱང་ཤར་ལོ་ལིན་ (Liaoning) ཞིང་ཆེན་དུའང་ཏོག་དབྱིབས་ནད་པ་ ༢ དང་། ཧའེ་པེ་ཞིང་ཆེན་དུ་ནད་པ་ ༣ ཐོན་པ་དེ་དག་ཀྱང་སྡེབ་ཚོང་ཁྲོམ་ར་དེར་འབྲེལ་བ་ཡོད་སྐོར་དང་། དེ་མིན་ད་ལྟའི་ཆར་རྒྱ་ནག་ནང་ཕྱི་ནས་འབྱོར་བའི་ཏོག་དབྱིབས་ནད་པ་གྲངས་ ༩༢ ཡོད་པར་བཤད།རྒྱ་ནག་གི་གཞུང་འབྲེལ་གནས་ཚུལ་ལྟར་ན། ཐེངས་འདིའི་ནད་ཡམས་འབྱུང་སའི་སྡེབ་ཚོང་ཁྲོམ་ར་དེར་རྒྱ་ཁྱོན་ལ་ཧེཀ་ཊར་ ༡༠༧ (hectares) ཡོད་ཅིང་། པེ་ཅིན་དུ་ནང་འདྲེན་བྱས་པའི་ཞིང་ལས་ཐོན་སྐྱེད་ཀྱི་བརྒྱ་ཆ་ ༨༠ ཁྲོམ་ར་དེ་ནས་ཐོན་གྱི་ཡོད་འདུག ད་ལྟའི་ཆར་སྡེབ་ཚོང་ཁྲོམ་རའི་ནང་བྱ་བ་གཉེར་མཁན་དང་། ཁྲོམ་རར་བསྐྱོད་མྱོང་བའི་མི་མང་དཀྱུས་མ། དེ་བཞིན་ཁྲོམ་རའི་ཉེ་འཁྲིས་སུ་གནས་སྡོད་མི་མང་ཚོར་ཏོག་དབྱིབས་ནད་ཡམས་འགོས་ཡོད་མེད་བརྟག་དཔྱད་བྱེད་མུས་ཡིན་པ་མ་ཟད། སྲིད་གཞུང་ནས་ཁྲོམ་རར་བསྐྱོད་མྱོང་བའི་མི་ཚོ་ཉིན་གྲངས་ ༡༤ རིང་རང་ཁྱིམ་དུ་ཟུར་སྡོད་བྱ་དགོས་པའི་བཀའ་ཁྱབ་བཏང་ཡོད་པ་དང་། ཁུལ་དེར་རྩེད་རིགས་དང་ཡུལ་སྐོར་སྤྲོ་འཆམ་པའི་བྱ་འགུལ་ཡོད་ཚད་སྒོ་བརྒྱབ་པ་མ་ཟད། བདུན་ཕྲག་འདིར་སྒོ་འབྱེད་གཏན་ཁེལ་བའི་སློབ་གྲྭ་རྣམས་ཀྱང་མུ་མཐུད་སྒོ་བརྒྱབ་རྒྱུའི་བཀའ་ཁྱབ་སྤེལ་ཡོད་འདུག

ཁ་སང་ཨ་རིར་གནས་སྡོད་རྒྱ་རིགས་རྩ་རླུང་སྒོམ་སྒྲུབ་པ་སྐོར་ཞིག་གིས་གཉེར་བཞིན་པའི་ཐང་རྒྱལ་རབས་གསར་མའི་བརྙན་འཕྲིན་ཁང་(New Tang Dynasty Television) ཟེར་བའི་གནས་ཚུལ་ལྟར་ན། ད་ལན་ཏོག་དབྱིབས་ནད་ཡམས་འབྱུང་སའི་ཤིན་ཧྥ་ཏི་སྡེབ་ཚོང་ཁྲོམ་ར་དེ། རྒྱ་ནག་དབུས་གཞུང་གི་རྟེན་གཞི་གཙོ་བོ་ཀྲོང་ནཱན་ཧེ་ (Zhongnanhai) དང་སྐར་མ་ ༢༠ ཙམ་གྱི་སར་ཡོད་པ་དང་། ཟླ་འདིའི་ཕྱི་ཚེས་ ༡༢ ཉིན་རྒྱ་ནག་གཞུང་གིས་ཤིན་ཧྥ་ཏི་སྡེབ་ཚོང་ཁྲོམ་རའི་ཕྱི་ལོགས་སུ་དྲག་ཆས་ཉེན་རྟོག་པ་ཕོན་ཆེན་འགྲེམ་འཇོག་བྱས་ཏེ། ཁུལ་དེར་ཡོད་པའི་མི་མང་དཀྱུས་མ་རྣམས་སྤྱི་སྤྱོད་རླངས་འཁོར་དུ་བཅུག་སྟེ་ཁྲིད་འགྲོ་བའི་བརྙན་ཐུང་ཁྱབ་སྤེལ་ཕྱིན་ཡོད་སྐོར་བཀོད་ཡོད་འདུག

རྒྱ་ནག་རྒྱལ་ཡོངས་འཕྲོད་བསྟེན་ལྷན་ཁང་གི་གྲངས་ཐོ་ལྟར་ན། ཁ་སང་བར་རྒྱ་ནག་རྒྱལ་ཡོངས་ནང་ཁྱོན་ཏོག་དབྱིབས་ནད་ཡམས་ཕོག་པའི་ནད་པ་ ༨༣༡༨༡ བྱུང་བའི་ཁྲོད་ནས། ནད་པ་ ༧༨༣༧༠ དྲག་སྐྱེད་བྱུང་སྟེ་སྨན་ཁང་ནས་ཐོན་ཟིན་པ་དང་། མི་གྲངས་ ༤༦༣༤ རྐྱེན་འདས་སུ་ཕྱིན་ཡོད་པ་རེད། དེ་བཞིན་ད་བར་རྒྱ་ནག་ནང་རྒྱལ་ཁབ་ཕྱི་ལོགས་ནས་ཕྱིར་ལོག་བྱས་པའི་ཏོག་དབྱིབས་ནད་པ་ ༡༨༣༧ བྱུང་བའི་ཁྲོད་ནས་ ༡༧༤༥ དྲག་སྐྱེད་བྱུང་ཡོད་པ་དང་། ལྷག་འཕྲོ་ ༩༢ རྣམས་མུ་མཐུད་སྨན་བཅོས་བྱེད་བཞིན་ཡོད་སྐོར་བསྒྲགས་འདུག

ཁ་སང་གཅིག་པུར་རྒྱ་ནག་ནང་ནད་རྟགས་མེད་པའི་ཏོག་དབྱིབས་ནད་པ་ ༡༨ ཐོན་ཡོད་ཀྱང་། རྒྱ་ནག་གིས་དེ་སྔ་ལྟར་དེ་དག་ཏོག་དབྱིབས་ནད་པའི་ཁོངས་སུ་འཇུག་གི་མེད་ལ། གཞུང་འབྲེལ་གྱི་གྲངས་ཐོའི་ནང་དུའང་དེ་དག་ཚུད་ཀྱི་མེད་པ་རེད། སྤྱིར་ནད་རྟགས་མེད་པའི་ཏོག་དབྱིབས་ནད་པ་བརྒྱུད་གཞན་ལ་ནད་ཡམས་འགོ་ཐུབ་པས། རྒྱ་གར་གཙོས་པའི་ཕྱིའི་རྒྱལ་ཁབ་རྣམས་ཀྱིས་ནད་རྟགས་མེད་པའི་ཏོག་དབྱིབས་ནད་པ་རྣམས་ཏོག་དབྱིབས་ནད་པའི་ཐོ་གཞུང་ནང་བགྲང་གི་ཡོད་འདུག

གསར་འགོད་པ། པ་སངས་ཚེ་རིང་།

བསྐྱར་བཅོས།: ༢༠༢༠/༠༦/༡༥

Leave a Reply