དམར་ཤོག་ཚོགས་པར་བློ་དཀར་ན་བོད་མི་དབང་པོ་སྐྱོན་ཅན་ལ་ལས་ཀ་སྤྲོད་རྒྱུ་ཡིན་ཟེར།

རྒྱ་ནག་གཞུང་གིས་མི་མང་ཉམ་ཐག་ཚོས་ཆོས་ལུགས་དད་མོས་མཚམས་བཞག་སྟེ་དམར་ཤོག་ཚོགས་པར་ཡིད་ཆེས་བློ་གཏད་དགོས་སྐོར་རོགས་དངུལ་གྱི་ཆ་རྐྱེན་དུ་བཏོན་ལྟར་དབང་པོ་སྐྱོན་ཅན་ཚོར་སྲིད་གཞུང་གི་ལས་ཀ་དགོས་ན་དམར་ཤོག་ཚོགས་པར་བློ་དཀར་གཞུང་དྲང་ཡིན་དགོས་པའི་ཆ་རྐྱེན་བཏོན་འདུགརྒྱ་ནག་གཞུང་ཕྱོགས་ནས་བསྒྲགས་པའི་གནས་ཚུལ་ལྟར་ན། ད་ལྟའི་ཆར་རྒྱ་ནག་གིས་གཞུང་གི་ལྷན་ཁང་ཁག་ཏུ་གླ་ཆ་ཉུང་ཉུང་ཡིན་པའི་ལས་ཀ་འཚོལ་སྒྲུབ་བྱེད་མཁན་བོད་མི་དབང་པོ་སྐྱོན་ཅན་ཚོར། མི་རིགས་ཁ་བྲལ་ལ་ངོ་རྒོལ་དང་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་སྐྱོན་བརྗོད་སོགས་བྱེད་དུ་བཅུག་སྟེ། ཏང་ལ་བློ་དཀར་གཞུང་དྲང་ཡིན་པའི་ཆབ་སྲིད་ཀྱི་ཡིག་རྒྱུགས་ཟེར་བ་དེ་འཕྲོད་རྗེས་གཞུང་གི་ལས་ཀ་སྤྲོད་པའི་སྲིད་བྱུས་ཤིག་ལག་བསྟར་བྱེད་བཞིན་ཡོད་འདུག

ལས་མི་བསྡུ་བའི་གནས་ཚུལ་དེ་ཟླ་འདིའི་ཕྱི་ཚེས་ ༡༡ ཉིན་བོད་རང་སྐྱོང་ལྗོངས་ཟེར་བའི་ནང་སྤེལ་ཡོད་པ་དང་། གཞུང་གི་ལས་ཀར་ཞུགས་འདོད་ཡོད་རིགས་དག་ལ་ཏང་ལ་བློ་དཀར་གཞུང་དྲང་ཡིན་པའི་ཆབ་སྲིད་ལངས་ཕྱོགས་བརྟན་པོ་དགོས་པ་མ་ཟད། ཁ་བྲལ་རིང་ལུགས་ལ་མཐའ་གཅིག་ཏུ་ངོ་རྒོལ་དང་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་སྐྱོན་བརྗོད། དེ་བཞིན། རྒྱ་ནག་གཅིག་གྱུར་སྲུང་སྐྱོབ་དང་རྒྱལ་ཡོངས་མཐུན་སྒྲིལ་ཞེས་པ་གཙུག་བཀུར་བྱེད་དགོས་སྐོར་གྱི་ཆ་རྐྱེན་བཏོན་འདུག་ལ། གཞུང་གི་ལས་ཀའི་ཁྲོད་བོད་མི་དབང་པོ་སྐྱོན་ཅན་ཚོ་རླངས་འཁོར་ཁ་ལོ་བ་དང་། ལས་ཁུངས་གཙང་མ་བཟོ་མཁན། ཐབ་ཚང་ནང་ལས་ཀ་བྱེད་མཁན། དེ་བཞིན། རྒྱ་ནག་དམར་ཤོག་ཚོགས་པའི་མགོ་འཁྲིད་དང་སྤྱི་ཚོགས་རིང་ལུགས་ལ་རྒྱབ་སྐྱོར་བྱེད་པའི་ཏང་ཡོན་ལས་བྱེད་ཚོར་ལས་གཡོག་བྱེད་པ་སོགས་ཀྱི་ལས་ཀ་སྤྲོད་ཀྱི་ཡོད་འདུག་

དེ་ཡང་བརྡ་སྦྱོར་ནང་ལས་ཀ་འཚོལ་མཁན་དབང་པོ་སྐྱོན་ཅན་ཚོས་ངེས་པར་དུ་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་དང་ཁྲིམས་སྒྲིག་ཁག་ལ་གོང་བཀུར་ཞུ་དགོས་ཡོད། ཅེས་ལས་ཀའི་གོ་སྐབས་དེ་དམར་ཤོག་ཚོགས་པའི་ཆབ་སྲིད་ལག་ཆ་ཞིག་ཏུ་བཀོལ་བཞིན་ཡོད་ཐད། བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་ཉམས་ཞིབ་པ་པདྨ་རྒྱལ་ལགས་ཀྱིས།  ཕྱི་ལོ་ ༢༠༡༨ སྔོན་ནས་རྒྱ་ནག་གཞུང་གིས་ཆོས་ལུགས་དང་སྐད་ཡིག ཁོར་ཡུག་སོགས་ཀྱི་ཁྲིམས་ཐོག་སྲོལ་ཡིག་ཤུགས་ཆེར་བཏང་སྟེ། དཔེར་ན་མི་ཞིག་གིས་ལས་ཁུངས་ཤིག་གི་ནང་ལས་ཀ་བྱས་པ་ཡིན་ན། ཁོའི་ལས་ཀའི་དགོས་དམིགས་དེ་རྒྱ་ནག་གཞུང་རང་གི་ཆབ་སྲིད་ཀྱི་དགོས་དམིགས་ཡིན་དགོས་པ་མ་གཏོགས།  ས་གནས་མི་མང་གི་ཐོབ་ཐང་དང་ཁེ་ཕན་ལ་འབྲེལ་བ་མེད་པ་རེད།  འབྲེལ་བ་མེད་པ་ང་ཚོས་ག་འདྲ་བྱས་ནས་ཧ་གོ་ཡི་ཡོད་ལབ་ན། ས་ཆ་དེ་ནས་ལས་ཀ་བྱས་ཏེ་རྣམ་འགྱུར་མི་དྲང་བ་དང་གཞུང་གི་འདོད་མོས་ལྟར་ལས་ཀ་མ་བྱས་ཚེ། ལམ་སང་ཁ་བྲལ་རིང་ལུགས་དང་རྒྱལ་ཁབ་ཀྱི་བདེ་འཇགས། དེ་བཞིན། སྤྱི་ཚོགས་ཟིང་འཁྲུག་དང་འབྲེལ་བའི་ཉེས་མིང་འོག་འཛིན་བཟུང་བྱས་ཏེ་བཙོན་འཇུག་བྱེད་ཀྱི་ཡོད། ད་རེས་གནས་ཚུལ་འདི་ལྟ་བུའང་། ཕྱི་ལོ་ ༢༠༡༨ རྗེས་ནས་ང་ཚོར་དམིགས་བསལ་གྱི་དཀའ་ངལ་ཞིག་འཕྲད་ཡོད་པ་ནི་ནག་སེལ་གཤེད་བཅོམ་ཆགས་བསྡད་ཡོད་པ་རེད། ནག་སེལ་གཤེད་བཅོམ་ཁྲོད་བོད་ནང་གི་གནས་སྟངས་ཆེ་ཆུང་གང་དང་གང་ཡིན་རུང་ཚང་མ་དེའི་ནང་བསྡུས་ཡོད། ནག་སེལ་གཤེད་བཅོམ་ཕྱི་ལོ་ ༢༠༡༨ ཟླ་ ༡ པོའི་ནང་མགོ་བཙུགས་ཏེ་ད་ལྟའང་ལག་བསྟར་བྱེད་བཞིན་པ་རེད། ཅེས་བརྗོད་བྱུང་།

འདི་གའི་གསར་འགོད་པས་རྒྱ་ནག་གཞུང་གིས་ཁ་བྲལ་རིང་ལུགས་ལ་རྒོལ་རྡུང་དང་ཏང་ལ་བློ་དཀར་གཞུང་དྲང་ཡིན་དགོས་པའི་སྲིད་བྱུས་དེ་མི་མང་དབང་པོ་སྐྱོན་ཅན་ཚོའི་ཐོག་སྤེལ་བཞིན་པར་ཆབ་སྲིད་ཀྱི་ལྟ་སྟངས་ག་འདྲ་ཞིག་འཛིན་དགོས་སྐོར་དྲིས་པར་ཁོང་གིས། རྒྱ་ནག་དེ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཡར་རྒྱས་འཛུགས་སྐྲུན་ཚན་པའི་ནང་ཞུགས་ཏེ། བོད་ནང་འཛུགས་སྐྲུན་བྱེད་ཀྱི་ཡོད་ཟེར་བཞིན་ཡོད་པ་དང་། བོད་རང་སྐྱོང་ལྗོངས་ནང་དབང་པོ་སྐྱོན་ཅན་ཚོའི་སླད་ཁང་པ་འཛུགས་སྐྲུན་བྱས་ཏེ་ལས་གནས་སྤྲོད་བཞིན་ཡོད་ལབ་ཡོད།  དོན་དངོས་ཀྱི་གནད་འགག་དེ་རྒྱ་ནག་གི་ཡར་རྒྱས་འཛུགས་སྐྲུན་དང་། ཁོར་ཡུག་སྲུང་སྐྱོབ་འཛུགས་སྐྲུན་སོགས་ཆབ་སྲིད་ཀྱི་མིང་ཐོག་གི་ལག་ཆ་གཙོ་བོ་ནི། མི་མང་གི་འཚོ་བ་དང་བསམ་བློ་དབང་བསྒྱུར་བྱ་རྒྱུ་ནི་དམིགས་ཡུལ་གཙོ་བོ་རེད། རྒྱ་ནག་གི་ཆབ་སྲིད་གང་དང་གང་ཡིན་རུང་མི་མང་གི་འཚོ་བ་དང་བསམ་བློ་དབང་སྒྱུར་བྱེད་མ་ཐུབ་ཚེ་སྔོན་མ་ནང་བཞིན་རེད། ནག་སེལ་གཤེད་བཅོམ་ལག་བསྟར་བྱས་པ་ནས་ད་ལྟ་བོད་ནང་ཧ་ལས་པའི་འགྱུར་བ་ཤུགས་ཆེན་པོ་ཐེབས་ཀྱི་ཡོད། ད་ལྟའི་ཆབ་སྲིད་ཀྱི་སློབ་གསོ་འདི་མང་ཚོགས་ཀྱི་སེམས་ནང་ཟུག་སྟེ་གོམས་གཤིས་དང་འདྲེས་དགོས་ཀྱི་ཡོད་ལབ་ཀྱི་ཡོད། དེར་བརྟེན། རྒྱ་ནག་གི་ཆབ་སྲིད་ཀྱི་སློབ་གསོ་དེ་འདྲ་ཞིག་སྤེལ་བ་ཡིན་ན་དེས་བསྐྲུན་པའི་མི་རྣམས་ག་འདྲ་ཞིག་ཏུ་འགྱུར་ཡོད་པ་རེད། ནག་སེལ་གཤེད་བཅོམ་གྱི་ཆབ་སྲིད་སློབ་གསོ་དེ་མི་མང་གིས་ཤེས་པ་ཙམ་མ་ཟད། མི་མང་གི་གཤིས་ཀ་ལ་འགྱུར་བ་ཐེབས་ཀྱི་ཡོད་པ་ཞིག་བཟོ་བཞིན་ཡོད། ཅེས་བརྗོད་བྱུང་།

གསར་འགོད་པ། སྐལ་བཟང་སྦྱིན་པ།

བསྐྱར་བཅོས།: ༢༠༢༠/༠༦/༡༦

Leave a Reply