ཨ་ཉ་སེང་སྒྲའི་གོང་གཏུག་ཁྲིམས་བཤེར་མགོ་བཙུགས།

དེ་རིང་ལྐོག་ཟ་རུལ་སུངས་ཐེར་འདོན་པ་ཨ་ཉ་སེང་སྒྲ་ལགས་སུ་མགོ་ལོག་ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས་ཁྲིམས་བཤེར་བྱས་ཡོད་འདུགདེ་རིང་ཕྱི་ཚེས་ ༡༦ ཉིན་གྱི་སྔ་དྲོར་མགོ་ལོག་ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་ཟེར་བས། ལྐོག་ཟ་རུལ་སུངས་ཐེར་འདོན་པ་ཨ་ཉ་སེང་སྒྲ་ལགས་སུ་གོང་གཏུག་ཁྲིམས་བཤེར་བྱས་ཡོད་པ་དང་། ཁྲིམས་བཤེར་ཁང་དུ་ཨ་ཉ་སེང་སྒྲ་དང་མི་རེ་གཉིས་ཙམ་མ་གཏོགས་ཁོང་གི་ནང་མི་དང་ཡུལ་མི་དཔང་བོ་སོགས་ཉན་ཞིབ་དག་སེལ་ཆེད་ནང་དུ་བཏང་མེད་འདུག་ལ། ཁོང་སྒེར་གྱི་ཁྲིམས་རྩོད་ལིན་ཆི་ལི་ལགས་ཀྱིས་དེའི་སྐོར་ལ་གནས་ཚུལ་སྤེལ་མི་འདུག

འདི་ག་དུས་བབ་ཀྱི་གསར་འགོད་པར་རྒྱ་ནག་གི་ཁྲིམས་ལུགས་ཆེད་མཁས་པ་སྒྲོལ་མ་སྐྱབས་ལགས་ཀྱིས། སྤྱིར་ཡིན་ན་ཨ་ཉ་སེང་སྒྲའི་གོང་གཏུག་ཁྲིམས་ཞིབ་དེ་རྒྱལ་ཁབ་ཀྱི་གསང་བ་དང་བདེ་འཇགས། ཕོ་མོའི་གསང་བ་སོགས་ལ་འབྲེལ་བ་མེད་སྟབས། ཁྲིམས་ཞིབ་ཀྱི་བརྒྱུད་རིམ་ཁྲོད་ཁྲིམས་ར་ནས་ཁྲིམས་དཔོན་དང་དག་སེལ་བས་ག་རེ་བཤད་པ་ཚང་མ་ཕྱི་གསལ་ནང་གསལ་བྱ་དགོས་ན་ཡང་། དེ་ལྟར་བྱེད་ཀྱི་མེད་སྟབས་ཁོ་ཚོས་ཁྲིམས་བཤེར་དེར་ལས་ཀ་གཞན་ཞིག་ལས་བཞིན་མེད་དམ་བསམ་བཞིན་ཡོད་སྐོར་བརྗོད་བྱུང་།

གསར་འགོད་པས་སྒྲོལ་མ་སྐྱབས་ལགས་སུ་ཐེངས་འདིའི་གོང་གཏུག་ཁྲིམས་བཤེར་གཉིས་པ་དེར་སྤྱི་ཡོངས་ནས་རྒྱ་ནག་གི་རྩ་ཁྲིམས་ནང་བཀོད་པ་ཇི་བཞིན་དྲང་བདེན་གྱི་གྲུབ་འབྲས་ཐོན་གྱི་ཡོད་མེད་དྲིས་པར་ཁོང་གིས། རྒྱ་ནག་གི་ཉེས་དོན་གཏུག་བཤེར་གྱི་ཁྲིམས་ལྟར་ན་ཁྲིམས་བཤེར་གཉིས་པའི་སྐབས་སུ་ཉེས་པ་ཇེ་ཡང་དང་ཡང་ན་ཉེས་མེད་གཏོང་བ། ཡང་ན་གོང་གཏུག་གི་ཁྲིམས་བཤེར་ལ་བདེན་དཔང་དང་དཔང་རྟགས་སོགས་མེད་པར་བརྗོད་ནས་དགའ་བདེ་ཁྲིམས་ཁང་ལ་བསྐྱར་དུ་གཏོང་དགོས་པ་དང་། དེ་མིན་དགའ་བདེ་ཁྲིམས་ཁང་གིས་ཁྲིམས་ཐག་བཅད་པ་བདེན་པ་རེད་ཅེས་ཐག་གཅོད་དགོས་པ་རེད། ང་རང་གི་རེ་བ་ཡིན་ན་ཁྲིམས་ཁང་དང་པོས་ཁྲིམས་ཐག་བཅད་པ་དེ་འགྲིག་མེད་པ་དང་། ཁོ་ཚོས་དེ་ལ་བཟོ་བཅོས་བརྒྱབ་ནས་ཨ་ཉ་སེང་སྒྲ་ཉེས་མེད་ཡིན་པར་ཐག་གཅོད་ཡོང་རྒྱུ་དེ་ཡིན་ན་ཡང་། ད་ལྟའི་གནས་སྟངས་ལ་བལྟས་ན་དེ་ལྟར་ཡོང་རྒྱུ་ཁག་པོ་རེད། ཅེས་བརྗོད་བྱུང་།

ཡང་ཐེངས་འདིའི་གོང་གཏུག་ཁྲིམས་བཤེར་དེ་ག་དུས་ཤིག་ལ་ཚར་དགོས་པ་དང་མཇུག་འབྲས་ག་འདྲ་ཡོང་སྲིད་སྐོར་དྲིས་པར་ཁོང་གིས། སྤྱིར་ཡིན་ན་གོང་གཏུག་གི་གྱོད་གཞི་ཚང་མ་ཟླ་གཉིས་ནང་ཚར་དགོས་པ་དང། ཨ་ཉ་སེང་སྒྲར་ཁྲིམས་ཐག་དང་པོ་སྔར་ལོའི་ཟླ་ ༡༢ ནང་བཅད་ཡོད་པ་དང་། དེ་ནས་ཕྱི་ཟླ་ ༡ ནང་གོང་གཏུག་བྱས་པ་ཡིན་ན་འདི་ལོའི་ཕྱི་ཟླ་ ༣ དང་ ༤ ནང་ཁྲིམས་ཞིབ་ཚར་དགོས་ན་ཡང་། ཨ་ཉ་སེང་སྒྲའི་གོང་གཏུག་ཁྲིམས་ཞིབ་ལ་ཁོ་ཚོས་གནད་དོན་གཞན་ལ་ཁག་བཞག་ནས་ཕྱིར་འགྱངས་རྐྱང་བྱས་བསྡད་ཡོད་པ་ཞིག་རེད། ཁྲིམས་བཤེར་ནར་འགྱངས་བྱས་ནས་བསྡད་པ་དེས་ཁོང་གི་ཁྲིམས་བཤེར་དེ་ཏག་ཏག་འགྲོ་བཞིན་མེད་པའི་གནས་སྟངས་ཤིག་ཡིན་པ་དང་། གལ་ཏེ་རྒྱལ་སྤྱིའི་སྟེང་ནས་ཁོང་གི་གོང་གཏུག་ཐད་རྒྱ་ནག་གཞུང་ལ་གནོན་ཤུགས་ལྟ་བུ་སྤྲད་པ་ཡིན་ན། ཁྲིམས་ཁང་གིས་དགའ་བདེའི་ཁྲིམས་ཁང་ལ་དཔང་རྟགས་དེ་འདྲ་མི་འདུག་ཅེས་གཏོང་སྲིད་པ་རེད་ལ། གལ་སྲིད་དེ་ལྟར་གནོན་ཤུགས་སོགས་གང་ཡང་མེད་པར་རྒྱ་ནག་གཞུང་གི་དྲིལ་བསྒྲགས་ལྟར་སོང་བ་ཡིན་ན། དགའ་བདེ་རྫོང་ཁྲིམས་ཁང་གིས་ཁྲིམས་ཐག་བཅད་པ་འགྲིག་འདུག་ཅེས་ཁྲིམས་ཐག་གཅོད་སྲིད་པ་དང། དེ་ལྟར་བྱས་པ་ཡིན་ན་ཁོང་གི་ཁྲིམས་གཏུག་ཚང་མ་ཕམ་ཉེས་སུ་སོང་ཡོད་སྐོར་བརྗོད་བྱུང་།

ཨ་ཉ་སེང་སྒྲ་ལགས་ནི་མགོ་ལོག་དགའ་བདེ་རྫོང་རྐྱང་ཆད་ཡུལ་ཚོ་ནས་ཡིན་པ་དང་། ཕྱི་ལོ་ ༢༠༡༨ ་ཟླ་ ༩ ཚེས་ ༤ ཉིན་གྱི་ཕྱི་དྲོར་མགོ་ལོག་དགའ་བདེ་རྫོང་ཉེན་རྟོག་ཁང་གིས། ཨ་ཉ་སེང་སྒྲས་སྤྱི་ཚོགས་ནང་དཀྲུག་རྐྱེན་བསླངས་པའི་ཉེས་བ་ཡོད་སྐོར་བརྗོད་ནས་འཛིན་བཟུང་བྱས་ཏེ་ཟི་ལིང་གི་གྲོ་ཚང་བཀག་ཉར་ཁང་དུ་བཅུག་ཡོད་པ་དང་། ལོ་དེའི་ཕྱི་ཟླ་ ༩ ཚེས་ ༡༢ དང་། ཟླ་ ༡༠ ཚེས་ ༢༡ བཅས་སྔ་གཞུག་ཏུ་ཁོང་གི་བཟའ་ཟླ་དང་གཉེན་ཉེ། ཁྲིམས་རྩོད་པ་བཅས་དགའ་བདེ་རྫོང་ཉེན་རྟོག་ཁང་དུ་ཁོང་ལ་ཐུག་པར་ཕྱིན་ཡོད་ཀྱང་།  ཉེན་རྟོག་པས་ཐུག་ཏུ་བཅུག་མེད་པ་རེད།

སྐབས་དེར་བཟའ་ཟླ་གཡང་སྐྱིད་ལགས་ཀྱིས། ཁོང་འཛིན་བཟུང་བཀག་ཉར་བྱས་པའི་རྒྱུ་མཚན་ནི། ཁོང་གིས་མཚོ་སྔོན་ཞིང་ཆེན་མགོ་ལོག་ཁུལ་ཞིབ་དཔྱོད་ཁང་དང་པེ་ཅིན་གྲོང་ཁྱེར་གྱི་འབྲེལ་ཡོད་ཁྲིམས་ཁང་ཁག་ལ། ས་གནས་སྲིད་གཞུང་གིས་གོང་རིམ་ནས་མི་མང་ལ་སྤྲད་པའི་སྐྱོབ་གསོ་རོགས་དངུལ་ལྐོག་ཟ་བྱས་ཏེ། འབྲོག་པ་མང་ཚོགས་དབུལ་ཕོངས་ཀྱི་གནས་སུ་ལྷུང་བཞིན་ཡོད་པའི་ཞུ་གཏུག་བྱས་རྐྱེན་ཡིན་སྐོར་བརྗོད་ཡོད་པ་རེད།

སྔར་ལོའི་ཕྱི་ཟླ་ ༡༢ ཚེས་ ༦ ཉིན། ཨ་ཉ་སེང་སྒྲ་ལགས་གཙོ་བོར་གྱུར་བའི་མི་ ༨ ལ་ཉིན་གྲངས་གཉིས་རིང་ཁྲིམས་བཤེར་བྱས་པ་བརྒྱུད།  དཀྲུག་རྐྱེན་བསླངས་བ་དང་སྤྱི་ཚོགས་སྒྲིག་གཞིར་གཏོར་བཤིག་གཏོང་བའི་འདུ་འཛོམས་བྱས་པ་སོགས་ཀྱི་ཉེས་མིང་འོག ཨ་ཉ་སེང་སྒྲ་ལགས་སུ་ལོ་ ༧ བཙོན་འཇུག་ཁྲིམས་ཆད་ཡོད་ན་ཡང་། ཨ་ཉ་སེང་སྒྲ་ལགས་ནས་མ་ཉེས་ཁག་གཡོག་བྱས་པའི་ཁྲིམས་ཆད་དེ་དྭང་ལེན་མ་བྱས་པར། བསྐྱར་དུ་མགོ་ལོག་ཁུལ་འབྲིང་རིམས་ཁྲིམས་ཁང་ལ་གོང་གཏུག་བྱས་ཏེ། སྔར་ལོའི་ཕྱི་ཟླ་ ༡ ཚེས་ ༡༥ ཉིན་མགོ་ལོག་ཁུལ་འབྲིང་རིམ་མི་མང་ཁྲིམས་ཁང་གིས་ཁོང་གི་གོང་གཏུག་ཁྲིམས་བཤེར་གཉིས་པའི་གྱོད་ཡིག་ལ་ལྟ་ཞིབ་བྱས་ཡོད་པ་དང་། སྐབས་དེར་ཁོང་གི་ཁྲིམས་རྩོད་པ་ལིན་ཆི་ལི་ལགས་ཀྱིས་ཁྲིམས་བཤེར་ཐེངས་དང་པོའི་སྐབས་ཁོང་ཚོ་ཉེས་ཅན་ངན་རོགས་ཡིན་ལུགས་བརྗོད་པ་ངེས་གཏན་བྱུང་མེད་པ་དང་། བོད་རིགས་ཞུ་གཏུག་པར་རྡུང་རྡེག་གནོད་འཚེ་བཏང་ཡོད་པ་གསལ་པོ་ཡིན་ལ།  གྱོད་དོན་དངོས་དང་བཅའ་ཁྲིམས་བཀོལ་སྤྱོད་ལ་ནོར་འཁྲུལ་བྱུང་ཡོད།  ཁྲིམས་བཤེར་ཐེངས་གཉིས་པར་ཅུང་དྲང་བདེན་གྱི་མཇུག་འབྲས་ཤིག་འཐོབ་པར་རེ་བ་རྒྱག་བཞིན་ཡོད་སྐོར་བརྗོད་ཡོད་པ་རེད།

ཨ་ཉ་སེང་སྒྲ་ལགས་ལ་རྒྱ་ནག་གཞུང་གིས་ཉེས་འགེལ་གྱིས་འཛིན་བཟུང་བྱས་པ་ཐེངས་གཅིག་ཙམ་མིན་པར། ཕྱི་ལོ་ ༢༠༡༤ ལོར་ཁོང་ས་གནས་སྲིད་གཞུང་གི་མགོ་འཁྲིད་དུ་འོས་འདེམས་བྱུང་ཡོད་ཀྱང་། རྒྱ་ནག་གཞུང་གིས་སེང་སྒྲ་ལགས་དེ་སྔ་ཁྲིམས་དང་འགལ་བའི་ལས་ཀ་བྱས་ཡོད་ལུགས་སོགས་བཤད་དེ་རྩིས་མེད་བཏང་ཡོད་པ་མ་ཟད། ཕྱི་ལོ་༢༠༡༤ ཟླ་ ༡༢ ཚེས་ ༡༤ ཉིན་འཛིན་བཟུང་བྱས་ཏེ། ལོ་གཅིག་དང་ཟླ་གསུམ་གྱི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་འདུག

གསར་འགོད་པ། སངས་རྒྱས་དཀོན་མཆོག

བསྐྱར་བཅོས།: ༢༠༢༠/༠༦/༡༦

Leave a Reply