ཧི་མ་ཅལ་མངའ་སྡེའི་ནང་མི་ ༡༢༢ ཀྱིས་རང་ཤི་བརྒྱབ།

ཁྱིམ་སྡོད་བཀའ་རྒྱའི་སྐབས་རྒྱ་གར་ནང་སྲིད་གཞུང་གིས་མི་མང་ལ་རོགས་སྐྱོར་འཐུས་ཤོར་བཏང་བའི་གནས་ཚུལ་སྤེལ་བ་སོགས་ཀྱིས་གསར་འགོད་པ་ ༥༥ ལྷག་ལ་ཉེས་རྡུང་ཉེན་བརྡ་བཏང་བ་དང་འཛིན་བཟུང་བྱས་པའི་གནས་ཚུལ་བྱུང་ཡོད་འདུག རྒྱ་གར་དུས་བབ་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། འདི་ལོའི་ཕྱི་ཟླ་ ༤ དང་ ༥ བཅས་འདས་པའི་ཟླ་ ༢ ཙམ་གྱི་ཁྱིམ་སྡོད་བཀའ་རྒྱའི་སྐབས། ཧི་མ་ཅལ་མངའ་སྡེའི་ནང་མི་གྲངས་ ༡༢༢ ཀྱིས་རང་ཤི་བརྒྱབ་ཡོད་པ་དང་། ཁོ་ཚོ་ཕལ་ཆེ་བ་ཚོང་པ་དང་ལས་མེད་གཞོན་སྐྱེས་ཆགས་ཀྱི་ཡོད་འདུག་ལ། བུད་མེད་ལས་སྐྱེས་པ་མང་བ་ཡོད་འདུག

ཧི་མ་ཅལ་ཉེན་རྟོག་ལས་ཁུངས་ཀྱི་སྙན་ཐོ་ལྟར་ན།  ཕྱི་ཟླ་ ༤ ནང་སྐྱེས་པ་ ༢༥ དང་བུད་མེད་ ༡༦ གིས་རང་ཤི་བརྒྱབ་ཡོད་པ་དང་། ཕྱི་ཟླ་ ༥ ནང་སྐྱེས་པ་ ༥༠ དང་བུད་མེད་ ༣༡ གིས་རྒྱུ་མཚན་འདྲ་མིན་གྱི་གནས་སྟངས་འོག་རང་ཤི་བརྒྱབ་ཡོད་འདུག་ལ། དེའི་ཁྲོད་མི་གྲངས་ ༡༩ ཀང་རཱ་རྫོང་ཁུངས་ནས་ཡིན་འདུག་

ཧི་མ་ཅལ་མངའ་སྡེ་སྤྱི་ཁྱབ་བློན་ཆེན་ཇཱེ་རམ་ཐ་ཀོར་ (Jai Ram Thakur) ལགས་ཀྱིས། ང་ཚོས་གནད་དོན་དེའི་ཐོག་ཞིབ་འཇུག་བྱས་ཏེ། ཤི་རྐྱེན་གང་ཡིན་གྱི་གནས་ཚུལ་ལ་རྒྱུས་ལོན་བྱེད་ཀྱི་ཡོད་པ་མ་ཟད། ཧི་མ་ཅལ་མངའ་སྡེའི་དངུལ་ཁང་དང་བཟོ་གྲྭ་ཁག་ཚང་མ་མི་མང་གི་ཕྱོགས་ནས་ལངས་དགོས་པའི་ལམ་སྟོན་བྱས་ཡོད། ཅེས་གསུངས་ཡོད་པ་དང་། མི་མང་པོ་ཞིག་གི་ཤི་རྐྱེན་ནི་ཁྱིམ་སྡོད་བཀའ་རྒྱའི་སྐབས་དངུལ་ཁང་གི་བུན་ལོན་འཇལ་མ་ཐུབ་པའི་སེམས་ཁྲལ་དང་ལས་ཀ་མེད་པའི་དཀའ་ངལ་སོགས་ཡིན་པའི་ཚོད་དཔག་བྱེད་བཞིན་ཡོད་པ་རེད།

གཞན་ཡང་། ཧི་མ་ཅལ་མངའ་སྡེའི་ནང་ཏོག་དབྱིབས་གཉན་རིམས་ཀྱི་ཁྱིམ་སྡོད་བཀའ་རྒྱའི་སྐབས། གསར་འགོད་པ་ ༦ ལྷག་ལ་མངའ་སྡེ་གཞུང་ནས་འཛིན་བཟུང་དང་ཁྲིམས་གཏུག དེ་བཞིན། ཡིག་ལམ་ཉེན་བརྡ་སོགས་བཏང་ཡོད་འདུག

རྒྱ་གར་གྱི་ཁྱིམ་སྡོད་བཀའ་རྒྱའི་སྐབས་ཀྱི་གསར་འགོད་རང་དབང་དྲག་གནོན་ཞེས་པའི་སྙན་ཐོ་ལྟར་ན། འདི་ལོའི་ཕྱི་ཟླ་ ༣ ཚེས་ ༢༥ ནས་ ༤ ཚེས་ ༣༡ བར་རྒྱ་གར་གྱི་གསར་འགོད་པ་ ༥༥ ལྷག་གིས་རྒྱ་གར་གཞུང་གིས་མི་མང་ལ་རོགས་སྐྱོར་གྱི་ལས་དོན་འཐུས་ཤོར་བཏང་བར་སྐྱོན་བརྗོད་ཀྱི་གསར་འགྱུར་སྤེལ་བ་དང་། མངའ་སྡེ་གཞུང་སོ་སོས་གསར་འགོད་པ་ཚོར་འཛིན་བཟུང་ཁྲིམས་གཏུག་དང་། ཉེས་རྡུང་བཏང་བ། དེ་བཞིན། གསར་འགོད་པའི་ཡོ་བྱད་ལ་གཏོར་སྐྱོན་བཏང་བ་དང་གསར་འགོད་རང་དབང་དང་སྨྲ་བརྗོད་རང་དབང་འཕྲོག་པའི་གནད་དོན་བྱུང་ཡོད་འདུག་ལ། རྒྱ་ནག་གཙོ་བོ་གྱུར་བའི་འཛམ་གླིང་གི་རྒྱལ་ཁབ་གཞན་དག་གི་ནང་དུའང་གསར་འགོད་རང་དབང་ལ་དམ་དྲག་བཙན་གནོན་བྱས་པའི་གནས་ཚུལ་ཐོན་ཡོད་འདུག

གསར་འགོད་པ། སྐལ་བཟང་སྦྱིན་པ།

བསྐྱར་བཅོས།: ༢༠༢༠/༠༦/༡༦

Leave a Reply