རྒྱ་དཀར་ནག་གི་དམག་མིས་ལག་འཛིང་བྱས་ཏེ་མི་འགའ་བསད།

ལ་དྭགས་གྷལ་ཝན་གྱི་བོད་ཧིན་ས་མཚམས་ནས་རྒྱ་དཀར་ནག་གི་དམག་མིའི་བར་ལག་འཛིང་ཤོར་ཏེ་རྒྱ་གར་གྱི་དམག་མི་གཉིས་དང་ལས་བྱེད་གཅིག་བཅས་བསད་ཡོད་འདུག

ཁ་སང་ཕྱི་ཚེས་ ༡༥ ཉིན་གྱི་མཚན་མོར། བོད་དང་རྒྱ་གར་གྱི་ས་མཚམས་སུ་ཁེལ་བའི་ལ་དྭགས་གྷལ་ཝན་ཡུལ་ཀླུང་(Galwan Valley)རུ། རྒྱ་དཀར་ནག་གཉིས་ཀྱི་དམག་མིའི་བར་གདོང་ཐུག་ལག་འཛིང་ཤོར་ཏེ། རྒྱ་གར་དམག་ཁུལ་གྱི་མཐོ་རིམ་དམག་དཔོན་(Colonel-rank)ལས་བྱེད་གཅིག་དང་དམག་མི་གཉིས་བཅས་མི་གསུམ་བསད་ཡོད་པ་དང་། རྒྱ་ནག་གི་དམག་མིའི་ཕྱོགས་ལ་ཤི་རྨས་སོགས་ག་རེ་བྱུང་ཡོད་མེད་གསལ་ཁ་མེད་ན་ཡང་། ད་ལྟའི་ཆར་དམག་ཁུལ་ཕན་ཚུན་བར་གྲོས་མོལ་གྱི་ལམ་ནས་དཀའ་ངལ་ཞི་འཇགས་ཡོང་ཐབས་བྱེད་བཞིན་ཡོད་འདུག

གནད་དོན་དེའི་ཐད་རྒྱ་གར་དམག་དོན་ལས་ཁུངས་ནས་བཏང་བའི་གནས་ཚུལ་ནང་། རེས་གཟའ་ཟླ་བའི་མཚན་མོར་ལ་དྭགས་གྷལ་ཝན་ས་ཁུལ་དུ། ནམ་རྒྱུན་རྒྱ་དཀར་ནག་གི་དམག་མིས་གདོང་ཐུག་འགོག་སྲུང་བྱས་ཡོད་པའི་ཁུལ་དུ་ཕྱོགས་གཉིས་ཀྱི་དམག་མིས་བར་ལག་འཛིང་ཤོར་ཏེ་མི་གསུམ་བསད་པ་དང་། སྐབས་དེར་ཕན་ཚུན་གྱི་དམག་མིའི་བར་རྡོ་འཛིང་ལག་འཛིང་ཤོར་བ་ལས་མེ་མདའ་སོགས་བརྒྱབ་མེད་པ་དང་། ད་ལྟའི་ཆར་ཕྱོགས་གཉིས་ཀྱི་མཐོ་རིམ་དམག་དཔོན་བར་གྲོས་མོལ་འགྲོ་བཞིན་ཡོད་སྐོར་བརྗོད་འདུག

གནས་ཚུལ་དེ་བྱུང་རྗེས་རྒྱ་གར་དབུས་གཞུང་དང་མཐོ་རིམ་མགོ་འཁྲིད་ཚོའི་གནད་དོན་དེའི་ཐད་དམིགས་བསལ་སྐད་ཆ་གང་ཡང་བཤད་མེད་ན་ཡང་། དེ་རིང་ཉིན་རྒྱབ་ཆུ་ཚོད་ ༣ སྟེང་རྒྱ་གར་སྲིད་བློན་མུ་དྷི་མཆོག་དང་མངའ་སྡེ་ཁག་གི་བློན་ཆེན་རྣམ་བརྙན་ལམ་བརྒྱུད་ཚོགས་འདུ་ཚོགས་པའི་སྟེང་། རྒྱ་གར་བདེ་སྲུང་བློན་ཆེན་སྐུ་ཞབས་རཱ་རྗི་ནཱ་ཏི་སཱང་(Rajnath Singh)མཆོག་མཉམ་ཞུགས་བྱེད་བཞིན་ཡོད་པ་དང་། རྒྱ་གར་མི་མང་ཁྲོད་ཐེངས་འདིར་རྒྱ་ནག་གིས་རྒྱ་གར་གྱི་དམག་མི་དངོས་སུ་བསད་ཡོད་ཀྱང་། མུ་དྷི་སྲིད་གཞུང་ལ་གྲགས་འགུལ་གང་ཡང་མེད་པ་དང་། སྔར་ལོ་མུ་དྷུ་ཡིས་པ་ཀི་སི་ཐན་ཐོག་ཡ་ལན་དྲག་རྒོལ་བསླངས་ཡོད་སྐོར་གྱི་བསམ་ཚུལ་མང་པོ་ཡོང་གི་ཡོད་པ་མ་ཟད། རྒྱ་གར་ནང་རྒྱ་ནག་གི་ཚོང་ཟོག་ཉོ་འཚོང་མཚམས་འཇོག་དགོས་པའི་བསམ་ཚུལ་དང་། ལས་འགུལ་སྤེལ་མཁན་ཤུགས་ཆེ་རུ་འགྲོ་བཞིན་ཡོད་པ་རེད།

ཡང་ཕྱི་ཚེས་ ༡༤ ཉིན། ཀོང་རི་སི་ཚོགས་པས་འཐུས་མི་(Randeep Surjewala)ཡིས། རྒྱ་ནག་གིས་ལ་དྭགས་ཁུལ་དུ་བཙན་འཛུལ་བྱེད་བཞིན་པའི་སྐབས། མུ་དྷུ་སྲིད་གཞུང་ཁུ་སིམ་མེར་འདུག་དགོས་དོན་ག་རེ་ཡིན་པ་དང་།  མུ་དྷི་སྲིད་གཞུང་གིས་རྒྱ་ནག་གི་བཙན་འཛུལ་ལ་ཡ་ལན་གང་ཡང་མེད་པ་མ་ཟད། བལ་ཡུལ་ས་མཚམས་ཕྱོགས་ནས་རྒྱ་གར་གྱི་མི་སེར་ཚོར་དྲག་སྤྱོད་སྤེལ་བཞིན་པའི་ཐད་སྐད་ཆ་གང་ཡང་མེད་པ་ནི་མུ་དྷུ་སྲིད་གཞུང་གི་ལྐོག་གྱུར་གྱི་གསང་བ་ཞིག་ཡིན་པའི་སྐྱོན་བརྗོད་བྱས་འདུག

འདི་ལོའི་ཕྱི་ཟླ་ ༥ པ་ནས་བཟུང་རྒྱ་དཀར་ནག་གིས་ཧིན་བོད་ས་མཚམས་ཁག་ཏུ་གདོང་ཐུག་འགོག་རྒོལ་དང་ལག་འཛིང་ཐེངས་འགར་བྱུང་བ་སོགས་ཀྱི་གནས་ཚུལ་ཐོན་ཡོད་པ་དང་། ཕྱི་ཟླ་ ༥ ནང་ས་མཚམས་ཁག་མི་འདྲ་བ་གསུམ་ནང་རྒྱ་དཀར་ནག་གི་དམག་མིའི་བར་གདོང་ཐུག་རྩོད་རྙོག་བྱུང་སྟེ་གྲོས་མོལ་ཐེངས་དྲུག་ཙམ་བྱས་ཀྱང་ལེགས་གྲུབ་བྱུང་མེད་པ་མ་ཟད། དེས་རྗེས་ལ་དྭགས་ས་མཚམས་ཁུལ་དུ་ཕྱོགས་གཉིས་ཀྱི་མཐོ་རིམ་མགོ་འཁྲིད་བར་གྲོས་མོལ་གྱིས་ས་མཚམས་རྩོད་རྙོག་ཞི་འགྲིག་ཡོང་ཐབས་ཀྱི་ཁ་ཆད་བྱས་ཡོད་ན་ཡང་། ཉིན་ཤས་ལས་མ་འགོར་བར་རྒྱ་ནག་ཕྱོགས་ནས་ས་མཚམས་ཁུལ་དུ་མཚོན་ཆ་འགྲེམས་འཇོག་དང་། དྲག་པོའི་དམག་སྦྱོང་བྱས་པ་སོགས་ལ་བརྟེན་ནས་རྒྱ་གར་ཕྱོགས་ནས་ཀྱང་མཚོན་ཆ་དབོར་འདྲེན་དང་། དམག་གི་འཛེང་རགས་འཛུགས་སྐྲུན་སོགས་བྱས་ཡོད་པས་ཕྱོགས་གཉིས་ཀྱི་གནས་སྟངས་ཇེ་སྡུག་ཏུ་འགྲོ་བཞིན་ཡོད་པ་རེད།

འདི་ལོའི་རྒྱ་དཀར་ནག་གི་ས་མཚམས་རྩོད་རྙོག་ནི་ཕྱི་ལོ་ ༢༠༡༧ ལོར་འབྲོག་ལམ་དུ་བྱུང་བའི་དཀའ་རྙོག་རྗེས་ཀྱི་ཆེ་ཤོས་དེ་ཡིན་པ་དང་། རྒྱ་ནག་ཕྱོགས་ནས་ལ་དྭགས་སྤང་ཀོང་མཚོ་དང་གྷལ་ཝན་ཡུལ་ཀླུང་ས་མཚམས་སུ་དམག་མི་ ༢༠༠༠ ནས་ ༢༥༠༠ ལྷག་འགྲེམ་འཇོག་བྱས་ཡོད་པ་མ་ཟད། ཁུལ་དེར་དམག་དོན་འཛུགས་སྐྲུན་ལ་དམིགས་པའི་འཕྲུལ་རིག་དབོར་འདྲེན་རྒྱ་ཆེར་བྱེད་བཞིན་ཡོད་པ་དང་། རྒྱ་ནག་གོ་ལའི་དུས་བབ་ཀྱིས་སྤེལ་བའི་གནས་ཚུལ་ནང་རྒྱ་གར་ཕྱོགས་ནས་རྒྱ་ནག་གི་ས་ཁུལ་ནང་སིམ་འཛུལ་གྱིས་དམག་དོན་བྱེད་སྒོ་དང་། འཛུགས་སྐྲུན་གང་བྱུང་བྱེད་བཞིན་ཡོད་སྟབས་རྒྱ་ནག་ཕྱོགས་ནས་ཕར་རྒོལ་མི་བྱེད་ཐབས་མེད་གྱུར་ཡོད་པ་དང་། རྒྱ་གར་ཕྱོགས་ནས་ཀྱང་ས་མཚམས་ཁུལ་དུ་ས་མཐོ་གང་གཏོང་གི་མིན་ཞེས་ཡ་ལན་སྤྲད་ཡོད་པ་མ་ཟད། རྒྱ་གར་རྒྱ་གར་རྒྱལ་ཡོངས་དམག་སྤྱི་གཞོན་པ་སྐུ་ཞབས་མོ་ནོ་ཇི་མུ་ཁུན་དྷི་ནཱ་རཱ་ཝན་(Manoj Mukund Naravane)ལགས་ཀྱིས་བཅར་འདྲི་ཞིག་གི་སྐབས་ང་ཚོའི་ངོས་ནས་རྒྱ་ནག་ལ་བསླབ་བྱ་ཞིག་སྤྲོད་པར་གྲ་སྒྲིག་ཆ་ཚང་ཡོད། ཅེས་བརྗོད་ཡོད་པ་རེད།

སྲིད་དོན་དབྱེ་ཞིབ་པ་ཚོས་རྒྱ་ནག་གིས་གློ་བུར་རྒྱ་གར་ཕྱོགས་ལ་དམག་དཔུང་གིས་དཀའ་རྙོག་སློང་དོན་གཙོ་བོ་ནི། ལོ་ཤས་ནས་རྒྱ་གར་གཞུང་གིས་བྱང་དང་ཤར་བརྒྱུད་ཀྱི་ས་མཚམས་ཁག་ཏུ་དམག་དོན་འགྲུལ་ལམ་འཛུགས་སྐྲུན་གྱི་མཚོན་པའི་དམག་དོན་བྱ་འགུལ་རྒྱ་བསྐྱེད་ཤུགས་ཆེར་བཏང་བ་དེར་ཉེན་བརྡ་བཏང་བ་ཞིག་ཡིན་སྐོར་དང་། ཡང་རེ་འགས་ད་ལྟ་འཛམ་གླིང་ཧྲིལ་པོ་ཏོག་དབྱིབས་ནད་ཡམས་འགོག་རྒོལ་དམག་འཐབ་ནང་ཞུགས་ཡོད་པ་དང་། ཉེ་བའི་ཆར་རྒྱ་ནག་ནང་ཡོད་པའི་ཕྱིའི་ཚོང་གཉེར་བ་མི་ཉུང་བས་རྒྱ་ནག་ཏུ་ཡོད་པའི་རང་གི་བཟོ་ཚོང་ཁང་རྣམས་སྒོ་བརྒྱབ་སྟེ། གཞན་དུ་གནས་སྤོ་བྱེད་བཞིན་པའི་སྐབས། རྒྱ་གར་གྱིས་ཆེད་དུ་བཟོ་ཚོང་བ་དེ་དག་གི་ཆེད་དུ་རྒྱ་གར་ནང་འཛུགས་སྐྲུན་སོགས་ཀྱི་མཐུན་རྐྱེན་བསྐྲུན་རྒྱུའི་ཁས་ལེན་བྱས་པར་བརྟེན། རྒྱ་ནག་གིས་ཕྱོགས་གཞན་ནས་རྒྱ་གར་གྱི་ཐག་གཅོད་དེར་ཡ་ལན་སྤྲད་པ་ཞིག་ཡིན་སྲིད་སྐོར་ཡང་བརྗོད་ཡོད་འདུག

གསར་འགོད་པ། སངས་རྒྱས་དཀོན་མཆོག

བསྐྱར་བཅོས།: ༢༠༢༠/༠༦/༡༦

Leave a Reply