ཡུ་རོབ་ཀྱི་གྲོས་ཚོགས་འཐུས་མི་ ༥༧ གྱིས་བོད་ནང་འགྲོ་འོང་འདྲ་མཉམ་དགོས་པའི་དགོས་འདུན་བཏོན།

རྒྱ་ནག་གཞུང་གིས་བོད་མིའི་སྐུ་ཚབ་ཡིན་མདོག་ཀྱིས་ཡུ་རོབ་ནང་ཆབ་སྲིད་དྲིལ་བསྒྲགས་བྱེད་མཁན་མང་པོ་གཏོང་གི་ཡོད་པ་ལྟར་བོད་ནང་དུའང་འགྲོ་འོང་འདྲ་མཉམ་དགོས་པའི་གྲོས་ཚོགས་འཐུས་མིས་མཉམ་འབྲེལ་དགོས་འདུན་བཏོན།ཁ་སང་ཕྱི་ཚེས་ ༡༥ ཉིན་ཡུ་རོབ་མཉམ་འབྲེལ་ཁོངས་ཀྱི་རྒྱལ་ཁབ་ ༡༩ ཡི་གྲོས་ཚོགས་འཐུས་མི་ ༥༧ གྱིས། ཡུ་རོབ་མཉམ་འབྲེལ་ཁོངས་ཀྱི་རྒྱལ་ཁབ་ཁག་གིས་བོད་ནང་འགྲོ་འོང་འདྲ་མཉམ་གྱི་ཁྲིམས་བཟོས་ཏེ། རྒྱ་ནག་གཞུང་གིས་ཡུ་རོབ་མི་མང་ལ་དྲང་བདེན་མིན་པའི་བྱ་སྤྱོད་སྤེལ་གྱི་ཡོད་པ་ཐེར་འདོན་བྱེད་དགོས་པ་དང་། བོད་ནང་འགྲོ་འོང་བཀག་འགོག་བྱེད་པ་ནི་ངོས་ལེན་བྱ་ཐབས་མེད་པ་ཞིག་ཡིན་སྐོར་གསུངས།

མཉམ་འབྲེལ་དགོས་འདུན་དེའི་ནང་། རྒྱ་ནག་དམར་ཤོག་ཚོགས་པས་ཏོག་དབྱིབས་ནད་ཡམས་ཀྱི་གནས་ཚུལ་ལ་གསང་རྒྱ་དང་འཁྱོག་བཤད་བྱས་ཏེ་གོ་ལ་རང་བཞིན་གྱི་ནད་ཡམས་ཤིག་ཏུ་གྱུར་རྗེས། འགྲོ་འོང་ལ་བཀག་རྒྱ་ཆེ་ཞིང་འཛམ་གླིང་ནས་ཟུར་བཅད་བྱས་པའི་བོད་ནང་ཏོག་དབྱིབས་ནད་ཡམས་ལྟར་གྱི་འཛམ་གླིང་ལ་གནོད་སྐྱོན་བཟོ་བའི་ཉེན་ཁ་མེད་ནའང་། དམར་ཤོག་ཚོགས་པས་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་བཀུར་མི་བྱེད་པ་དང་། ལས་དོན་ཁག་ཕྱི་གསལ་ནང་གསལ་མེད་པར་བརྟེན། གོ་ལ་ཧྲིལ་བོར་ཏོག་དབྱིབས་ནད་ཡམས་ལས་ཉེན་ཁའི་གནས་སུ་ལྷུང་བར་སྔོན་འགོག་དགོས་ཚེ། ཡུ་རོབ་མཐུན་ཚོགས་ཀྱིས་བོད་ནང་ཕར་འགྲོ་ཚུར་འོང་འདྲ་མཉམ་དགོས་པ་དང་། བོད་ལ་འགྲོ་འོང་འདྲ་མཉམ་མེད་པ་ནི་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ངོས་ལེན་བྱ་ཐབས་མེད་པ་ཞིག་ཡིན་སྐོར་བཀོད་འདུག

དེ་བཞིན་དམར་ཤོག་ཚོགས་པས་གསར་འགོད་རང་དབང་ལ་གུས་བརྩི་བྱེད་ཀྱི་མེད་པ་མ་ཟད། དམིགས་བསལ་གྱིས་བོད་ནང་གསར་འགོད་རང་དབང་གི་གནས་སྟངས་ཧ་ཅང་ཞན་པ་དང་། བོད་ནི་ཕྱི་མི་གསར་འགོད་པ་འགྲོ་བར་དམིགས་བསལ་གྱི་ཆོག་མཆན་ཞུ་དགོས་པའི་ས་གནས་གཅིག་པུ་དེ་ཡིན་ལ། ཆོག་མཆན་དེའང་སྤྲོད་ཀྱི་མེད་པ་དང་། བོད་ནང་འགྲོ་བསྐྱོད་བྱེད་རྒྱུར་བཀག་འགོག་བྱས་པ་དེ་ནི་བོད་མི་ཚོར་དྲང་བདེན་མ་བྱུང་བ་ཞིག་ཡིན་སྐོར། དེ་བཞིན་ཡོ་རོབ་ནང་བོད་མི་བཙན་བྱོལ་བ་རྣམས་ཕྱིར་རང་ཡུལ་དུ་ལོག་པ་དང་གཉེན་འཕྲད་དུ་འགྲོ་བའི་ཐོབ་ཐང་ལ་རྒྱ་ནག་གཞུང་གིས་ངོས་ལེན་བྱེད་ཀྱི་མེད་པ་དང་། རྒྱ་ནག་གི་གཞུང་ཚབ་ཁང་དང་དོན་གཅོད་ཀྱི་ལས་བྱེད་ཚོས་བོད་མི་ཚོས་ཆོག་མཆན་ཞུ་སྐབས་ཐོངས་མཆན་སྤྲོད་ཀྱི་མེད་ཐོག དབྱེ་འབྱེད་དང་ཁ་སྐྱེངས་པོ་བཟོ་ཡི་ཡོད་སྐོར་བཀོད་འདུག

ཡང་དགོས་འདུན་ནང་། འདས་པའི་ལོ་བཅུ་ཕྲག་གཅིག་གི་ནང་། རྒྱ་ནག་གཞུང་གིས་བོད་མིའི་འཐུས་ཚབ་ཡིན་ཟེར་བ་ཡུ་རོབ་ནང་ཡོང་གི་ཡོད་ལ། དེ་ནི་ཡུ་རོབ་ཀྱི་འཐུས་མི་བོད་ནང་འགྲོ་བ་ལས་ལྡབ་གསུམ་གྱིས་མང་བ་ཡོད་སྐོར་དང་། རྒྱ་ནག་གིས་བསྐོས་པའི་འཐུས་མི་དེ་ཚོས་ཞོར་དུ་དམར་ཤོག་ཚོགས་པའི་དྲིལ་བསྒྲགས་རྣམས་འགྲུལ་བསྐྱོད་བྱ་ཡུལ་གྱི་རྒྱལ་ཁབ་ཁག་གི་ས་གནས་ཆེ་ཁག་ཏུ་སྒྲོག་གི་ཡོད་པ་དང་། པེ་ཅིན་དུ་སྡོད་པའི་ཕྱིའི་གསར་འགོད་པ་ཚོ་བོད་ལ་འགྲོ་བ་ལས་བྱང་ཀོ་རི་ཡའི་ནང་འགྲོ་བར་སྟབས་བདེ་ཡིན་སྐོར་བཀོད་འདུག

མཇུག་ཏུ། ཏོག་དབྱིབས་ནད་ཡམས་ནི་རྒྱ་ནག་གཞུང་གིས་གོ་ལའི་སྤྱི་ཚོགས་དང་མཉམ་འབྲེལ་བྱེད་ཀྱི་མེད་པའི་ཉེན་ཁ་ཅི་ཡོད་ཀྱི་བདེན་དཔང་ཡིན་པ་དང་། པེ་ཅིན་གྱི་བྱ་སྤྱོད་དེར་གདོང་ལེན་བྱེད་པ་དང་བསྒྱུར་ཐབས་སུ་ཡུ་རོབ་མཐུན་ཚོགས་ཀྱིས་བོད་ནང་འགྲོ་འོང་འདྲ་མཉམ་ཡོང་ཐབས་ལ་འབད་དགོས་རྒྱུ་དེ་ཡིན་སྐོར་དང་། རྒྱ་ནག་གཞུང་གིས་ཡུ་རོབ་མི་མང་ལ་དྲང་བདེན་མིན་པའི་བྱ་སྤྱོད་སྤེལ་གྱི་ཡོད་པ་ཐེར་འདོན་བྱེད་དགོས་སོགས་བསྒྲགས་འདུག

མཉམ་འབྲེལ་དགོས་འདུན་དེ་ནི་ཡུ་རོབ་མཉམ་འབྲེལ་གྱི་གྲོས་ཚོགས་ཀྱི་ཌན་མག་ (Denmark) དང་། ལི་ཐའོ་ནེ་ཡའི་ (Lithuania)། རོ་མཱ་ནི་ཡའི་ (Romania)། སི་པེན་ (Spain)། ཧྥེན་ལན་ཌིའི་ (Finland)། ཧང་གྷ་རི་ (Hungary)། ཕེན་ཅེཀ་ (Czech) སྤྱི་མཐུན་རྒྱལ་ཁབ། སོ་ལི་ཝི་ཀི་ཡ་(Slovakia)། འཇར་མན། ཧྥ་རན་སི། ཕོར་ཅོ་ཀིལ་ (Portugal) ། བྷེལ་ཇམ་བཅས་ཀྱི་གྲོས་འཚིགས་འཐུས་མི་ ༢༡ དང་། ཡུ་རོབ་གྱི་རྒྱལ་ཁབ་སོ་སོ་སྟེ་ཧྥ་རན་སི་དང་། འཇར་མན། ལ་ཏི་ཝི་ཡ་ (Latvia)། བྷེལ་ཇམ་ (Belgium)། ཕོར་ཅོ་ཀིལ་ (Portugal)། སི་ཝེ་ཊན་ (Sweden)། སུད་སི་ (Switzerland)། ཨི་ཊ་ལིའི་ (Italy)། ནའེ་དྷིར་ལན་ཌིའི་ (Netherlands)། ཌན་མག་ (Denmark)། དབྱིན་ཡུལ་བཅས་ཀྱི་གྲོས་ཚོགས་འཐུས་མི་གྲངས་ ༣༦ བཅས་ཀྱིས་མཉམ་འབྲེལ་ཐོག་སྤེལ་གནང་ཡོད་འདུག

གསར་འགོད་པ། ཀླུ་མགོན་ཐར།

བསྐྱར་བཅོས།: ༢༠༢༠/༠༦/༡༦

Leave a Reply