ཝི་ཀི་རིག་མཛོད་ཀྱིས་ཐའེ་ཝན་ཨེ་ཤ་ཡ་ཤར་མའི་རྒྱལ་ཁབ་ཅིག་ཏུ་ངོས་འཛིན་བྱས།

ཝི་ཀི་རིག་མཛོད་ཀྱི་རྩོམ་སྒྲིག་པ་རྣམ་པའི་བར་བགྲོ་གླེང་དང་མང་མོས་འོས་བསྡུ་བྱས་པ་བརྒྱུད་ཝི་ཀི་རིག་མཛོད་ནང་ཐའེ་ཝན་དེ་ཉིད་ཨེ་ཤ་ཡ་ཤར་མའི་རྒྱལ་ཁབ་ཅིག་ཏུ་བསྐྱར་བཅོས་ངོས་འཛིན་བྱས་ཡོད་འདུགདེ་རིང་ཐའེ་ཝན་གསར་འགྱུར་ཁང་ (Taiwan News) གིས་གནས་ཚུལ་སྤེལ་བ་ལྟར་ན། འདས་པའི་ལོ་ཤས་རིང་ནས་ཝི་ཀི་རིག་མཛོད་ནང་གི་ཐའེ་ཝན་གྱི་འགྲེལ་བརྗོད་ཐད། རྒྱ་ནག་དང་ཐའེ་ཝན་གྱི་མི་མང་གཙོས་རྒྱལ་སྤྱིའི་སྤྱི་ཚོགས་ཁྲོད་དུའང་རྙོག་གླེང་ཤུགས་ཆེན་པོ་བྱུང་བའི་རྐྱེན་གྱིས། འདི་ལོའི་ཕྱི་ཟླ་ ༥ པའི་ནང་ཝི་ཀི་རིག་མཛོད་ཀྱི་རྩོམ་སྒྲིག་པར་མང་མོས་བསྐྱར་བཅོས་དགོས་པའི་འབོད་སྐུལ་ (Request for Comments) བྱས་པ་ལྟར། ཐའེ་ཝན་ལ་མངའ་སྡེའམ(state)ཡང་ན། རྒྱལ་ཁབ་ (country) གཉིས་ལས་གང་བཏགས་ན་འོས་འཚམ་ཡིན་མིན་ཐད་བགྲོ་གླེང་བྱས་རྗེས། མཐར་རྩོམ་སྒྲིག་པ་རྣམས་ཀྱིས་མང་མོས་འོས་ཤོག་འཕངས་པ་བརྒྱུད། རྒྱལ་ཁབ་ཅེས་པར་མང་མོས་འོས་ཤོག་འཕེན་མཁན་ ༣༣ དང་། state ཞེས་པ་དེར་མོས་ཤོག་ ༡༠ ལས་ཐོབ་མེད་སྟབས། རྒྱལ་ཁབ་ཅིག་ཏུ་ངོས་འཛིན་བྱ་རྒྱུའི་ཐག་གཅོད་བྱས་ཡོད་འདུག ད་ཐེངས་ཐའེ་ཝན་གྱི་གནས་སྟངས་འགྲེལ་བརྗོད་ཐད། རྒྱལ་ཁབ་དང་མངའ་སྡེ་གཉིས་ལས་བཀོལ་སྤྱོད་གང་ཆེ་དང་། ཡང་དག་པ་གང་ཡིན་གྱི་ཐོག་ནས་ཐག་གཅོད་བྱས་པ་ཞིག་ཡིན་འདུག

རྩོམ་སྒྲིག་པ་ཚོའི་བགྲོ་གླེང་གི་བརྗོད་དོན་གཙོ་བོ་ནི། འཛམ་གླིང་གི་རྒྱལ་ཁབ་མང་པོས་ཐའེ་ཝན་དེ་རྒྱལ་ཁབ་ཅིག་ཏུ་ངོས་འཛིན་བྱེད་ཀྱི་མེད་པའི་རྒྱུ་མཚན་གྱིས། མངའ་སྡེ་ཞིག་ལ་ངོས་འཛིན་བྱེད་དགོས་སྐོར་དང་། ཕྱོགས་གཞན་པས་རྒྱལ་སྤྱིའི་གསར་ལམ་ཕལ་ཆེ་བས་ཐའེ་ཝན་དེ་རྒྱལ་ཁབ་ཅིག་ཏུ་མིང་འབོད་བྱས་ཡོད་པ་མ་ཟད། ཐའེ་ཝན་ལ་རང་གི་དམག་མི་དང་། དངུལ་སྒོར། མཚོ་དམག ཕྱིར་བསྐྱོད་ལག་འཁྱེར་སོགས་ཡོད་པས་དངོས་ཡོད་གནས་སྟངས་ཀྱི་ཐོག་ནས་རྒྱལ་ཁབ་ཅིག་གི་ངོ་བོར་ཡོད་སྟབས། ཕྱོགས་གང་ཅིའི་ཐད་ནས་ཐའེ་ཝན་དེ་རྒྱལ་ཁབ་ཅིག་ཏུ་མིང་འབོད་བྱེད་རྒྱུ་འོས་འཚམ་ཡིན་སྐོར་གྱི་མཐའ་སྡོམ་བརྒྱབ་ཡོད་འདུག

ཕྱི་ལོ་ ༢༠༠༡ ལོ་ནས་བཟུང་ཝི་ཀི་རིག་མཛོད་ནང་ཐའེ་ཝན་སྐོར་གྱི་ཡིག་ཚགས་ཐོན་པ་ནས་བཟུང་། ཐའེ་ཝན་ལ་འགྲེལ་བརྗོད་འདྲ་མིན་བྱས་ཡོད། ཝི་ཀི་རིག་མཛོད་ནང་གི་ཡིག་ཚགས་རྣམས་མི་སྒེར་གྱིས་བཅོས་སྒྲིག་བྱེད་ཐུབ་པའི་རྒྱུ་མཚན་གྱིས། མཚམས་རེར་ཐའེ་ཝན་དེ་གླིང་ཕྲན་རྒྱལ་ཁབ་ (Island nation) ཅིག་ཡིན་པ་དང་། ཡང་སྐབས་རེར་རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱི་ཞིང་ཆེན་ (Province in the People’s Republic of China) ཞིག་ཡིན་སྐོར། དེ་བཞིན་གླིང་ཕྲན་དུ་མ་འདུས་པའི་ས་ཁུལ་ཞིག་དང་། ཡང་སྐབས་འགར་གོ་མིན་ཏང་གིས་སྟངས་འཛིན་བྱེད་བཞིན་པའི་ས་ཁུལ་ཞིག་ཡིན་སྐོར་གྱི་འགྲེལ་བརྗོད་འདྲ་མིན་བྱས་ཡོད་འདུགའདས་པའི་ལོ་ཤས་རིང་ནས་ཝི་ཀི་རིང་མཛོད་ནང་བཀོད་པའི་རྒྱ་ནག་དང་འབྲེལ་བའི་ཆབ་སྲིད་ཀྱི་ཚོར་ཤུགས་སྐྱེན་པའི་གནད་དོན་གཞན་གྱི་ཐོག་ལའང་རྙོག་གླེང་མང་པོ་བྱུང་ཡོད། དཔེར་ན་འདས་ལོའི་ཧོང་ཀོང་གི་ཁྲིམས་རྒོལ་ལས་འགུལ་སྐོར་གྱི་རྩོམ་ཡིག་དེར། ལས་འགུལ་ནང་ཞུགས་མཁན་དེ་ཚོར་ངོ་རྒོལ་བའམ (protesters)། ཡང་ན་ཟིང་འཁྲུག་པ་ (rioters) ཞེས་པ་གཉིས་ལས་གང་འབོད་དགོས་མིན་ཐད་རྩོད་གླེང་བྱུང་སྟེ་ཉིན་གཅིག་ནང་བསྐྱར་བཅོས་ཐེངས་ ༦༥ བྱས་ཡོད་ཅིང་། དེ་བཞིན་ཤར་རྒྱ་ནག་རྒྱ་མཚོའི་ཁུལ་དུ་ཆགས་པའི་སེན་ཀ་ཀུ་གླིང་ཕྲན་ (Senkaku islands) སྐོར་གྱི་དབྱིན་ཡིག་ཡིག་ཚགས་ནང་ཤར་རྒྱ་ནག་རྒྱ་མཚོའི་ཁུལ་དུ་ཆགས་པའི་གླིང་ཕྲན་ཞེས་བཀོད་ཡོད་ཀྱང་། རྒྱ་ཡིག་ཡིག་ཚགས་ནང་རྒྱ་ནག་གི་ཆ་ཤས་ཤིག་ཡིན་པར་བཀོད་ཡོད། གཞན་ཡང་རྒྱ་ཡིག་ཐོག་གི་ཝི་ཀི་རིག་མཛོད་ནང་ཕྱི་ལོ་ ༡༩༨༩ ལོའི་དྲུག་བཞིའི་དམར་གསོད་དེ་ནི། གྱེན་ལོག་པའི་ཟིང་འཁྲུག་ཞོད་འཇགས་ཀྱི་དོན་རྐྱེན་ཞིག་ཏུ་འགྲེལ་བརྗོད་བྱས་ཡོད་འདུག གཞན་ཡང་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་སྐོར་གྱི་དབྱིན་རྒྱ་ཡིག་ཚགས་ནང་དུ་ཁོང་ནི་བོད་མི་སྐྱབས་བཅོལ་བ་ (Tibetan refugee)ཞིག་དང་ཡང་རྒྱ་རིགས་བཙན་བྱོལ་བ་ (Chinese exile)ཟེར་བའི་ཚིག་བེད་སྤྱོད་བཏང་ཡོད་ཀྱང་། ད་ལྟ་བསྐྱར་བཅོས་བྱས་ཏེ་སྐྱབས་བཅོལ་བ་གཅིག་པུ་བྲིས་འདུག

ད་ལྟའི་ཆར་ཝི་ཀི་རིག་མཛོད་ནང་བོད་དང་འབྲེལ་བའི་ཡིག་ཚགས་ནང་། དབྱིན་ཡིག་ཐོག་གི་བོད་ (Tibet) དང་། བོད་ཀྱི་ས་ཁུལ་ (Tibet Area)། བོད་རང་སྐྱོང་ལྗོངས་ (Tibet Autonomous Region)། དེ་བཞིན་བོད་མཐོ་སྒང་ (Tibetan Plateau) བཅས་ཁ་བྱང་འདྲ་མིན་འོག་ཡོད་པའི་ཡིག་ཚགས་མང་པོ་ཡོད་པ་དང་། དེ་དག་གི་ཁྲོད་ནས་བོད་ཅེས་པའི་རྩོམ་ཡིག་ནང་བོད་ནི་ཨེ་ཤི་ཡ་ཤར་མའི་ (East Asia) ཁུལ་དུ་ཆགས་པའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་ས་ཡ་ ༢།༥ ལྷག་ཡོད་པའི་བོད་མཐོ་སྒང་ (Tibetan Plateau) གི་ས་ཁུལ་ཞིག་ཡིན་སྐོར་འགྲེལ་བརྗོད་བྱས་ཡོད་འདུག ཡིན་ན་ཡང་ཕྱི་ལོ་ ༢༠༠༣ ཡས་མས་སུ་ཡིག་ཚགས་དེའི་ནང་བོད་ཅེས་པ་ནི་ད་ལྟའི་རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱི་སྟངས་འཛིན་འོག་ཡོད་པའི་ཨེ་ཤི་ཡ་དབུས་མའི་ས་ཁུལ་ (Area) ཞིག་ཡིན་སྐོར་དང་། ཡང་ཕྱི་ལོ་ ༢༠༠༨ ལོར་བསྐྱར་བཅོས་བྱས་པའི་ནང་བོད་དེ་རྒྱ་ནག་གི་ཆ་ཤས་ཡིན་སྐོར་བཀོད་ཡོད་འདུག ཕྱི་ལོ་ ༢༠༡༥ ལོར་མིང་ཤི(明溪) ཞེས་པའི་མིང་ཐོག་ནས་མི་ཞིག་གིས་བོད་སྐོར་གྱི་ཡིག་ཚགས་ནང་རྒྱུ་མཚན་མེད་པའི་བསྐྱར་བཅོས་བྱས་ཏེ་གཏོར་སྐྱོན་བཏང་བར་བརྟེན། ཝི་ཀི་རིག་མཛོད་ཀྱིས་གཞུང་འབྲེལ་ཐོག་ནས་མི་དེར་ཝེ་ཀི་རིག་མཛོད་བསྐྱར་བཅོས་བྱ་རྒྱུའི་ཐོབ་ཐང་འཕྲོག་ཡོད་འདུག མི་དེས་རང་གི་ཝི་ཀིའི་ཁ་བྱང་སྟེང་། རང་ཉིད་རྒྱ་ནག་གི་སློབ་ཆེན་སློབ་མ་རྒྱལ་ཞེན་ཅན་ཞིག་ཡིན་པ་དང་། རྒྱ་ནག་དང་དམར་ཤོག་ཚོགས་པར་སྐྱོན་བརྗོད་ཀྱི་སྐད་ཆའི་རིགས་བཟོད་སྒོམ་བྱེད་ཐབས་མེད་སྐོར་བརྗོད་ཡོད་འདུགའདས་ལོའི་ཕྱི་ཟླ་ ༡༠ པའི་ནང་བྷི་བྷི་སི་གསར་ཁང་གིས་གནས་ཚུལ་ཞིག་སྤེལ་བའི་ནང་། ད་བར་ཝི་ཀི་རིག་མཛོད་ནང་རྒྱ་ནག་གི་ཁེ་ཕན་ལ་ཕྱོགས་པའི་འགྲེལ་བརྗོད་དང་བསྐྱར་བཅོས་རིགས་རྒྱ་ནག་གཞུང་གིས་ཆེད་དུ་བཟོས་ཡོད་པའི་དཔང་རྟགས་མཐོང་རྒྱུ་མེད་ཀྱང་། ཉེ་ལམ་ཞིག་ནས་རྒྱ་ནག་གི་མགོ་འཁྲིད་དང་ཤེས་ཡོན་པ་སྐོར་ཞིག་གིས། ཕྱིའི་གསར་ལམ་གྱི་ཤུགས་རྐྱེན་ལ་བརྟེན་ནས་ཝི་ཀི་རིག་མཛོད་ནང་རྒྱ་ནག་གི་འགྲེལ་བརྗོད་དང་མི་མཐུན་པའི་ཡིག་ཚགས་དང་། རྒྱ་ནག་གི་མཚང་ལ་ཕོག་པའི་འགྲེལ་བརྗོད་རིགས་མང་པོ་ཡོད་པ་དག་ལ་སྟངས་འཛིན་ནན་པོ་བྱས་ཏེ། གཞུང་དང་མང་ཚོགས་ངོས་ནས་ཝི་ཀི་རིག་མཛོང་ནང་རྒྱ་ནག་གི་འགྲེལ་བརྗོད་སླེབས་ཐབས་དགོས་སྐོར་གྱི་བསམ་ཚུལ་ཤུགས་ཆེན་པོ་བསྟན་ཡོད་འདུག

ཉེ་ཆར་ཟླ་འདིའི་ཕྱི་ཚེས་ ༡༢ ཉིན་ཊི་ཝི་ཊར་ (Twitter) གྱིས་རྒྱ་ནག་གི་དྲིལ་བསྒྲགས་ལས་འགུལ་དང་འབྲེལ་བ་ཡོད་པའི་ཊི་ཝི་ཊར་ཁ་བྱང་འབུམ་ ༡།༧ ནག་གསུབ་བཏང་ཡོད་པ་དང་། རྒྱ་ནག་གཞུང་གིས་མང་ཚོགས་ཁྲོད་རྒྱ་ནག་ལ་ལྟ་ཕྱོགས་བཟང་པོ་སླེབས་ཐབས་སུ་མི་སྒེར་གླས་ཏེ། རྒྱ་ནག་གི་ཁེ་ཕན་ལ་ཕྱོགས་པའི་གནས་ཚུལ་དང་ཞབས་མཆན་འགོད་དུ་འཇུག་གི་ཡོད་འདུག ཕྱི་ལོ་ ༢༠༡༦ ལོར་ཨ་རིའི་ཧར་ཝ་ཌི་གཙུག་ལག་སློབ་གྲྭ་ཆེན་མོས་རྒྱའི་སྒོར་ཟུར་ལྔའི་དྲ་དམག་ (50 cent army) གི་བྱ་སྤྱོད་ལ་ཞིབ་འཇུག་བྱེད་སྐབས། ཁོ་ཚོ་ཕལ་ཆེ་བ་གཞུང་གིས་གླས་པའི་མི་སྣ་ཡིན་པ་དང་། གཞུང་གི་བཀའ་བཀོད་ཇི་བཞིན་རྒྱ་ནག་གི་སྤྱི་ཚོགས་དྲ་ལམ་ཁག་ཏུ་རྒྱ་ནག་གཞུང་གི་དྲིལ་བསྒྲགས་གནས་ཚུལ་རིགས་སྤེལ་བ་དང་། དེ་དག་ཁྲོད་ནས་ཀྱང་བརྒྱ་ཆ་ ༨༠ ཙམ་གྱིས་རྒྱལ་ཞེན་གྱི་ཚིག་བརྗོད་བཀོལ་སྤྱོད་བྱས་པ་དང་། བརྒྱ་ཆ་ ༡༣ ཙམ་གྱིས་སྤྱི་ཡོངས་ནས་གཞུང་གི་སྲིད་བྱུས་ལ་བསྟོད་བསྔགས་བྱས་ཡོད་པ་ཤེས་རྟོགས་ཐུབ་ཡོད་འདུག

སྤྱིར་ཝི་ཀི་རིག་མཛོད་ནང་མི་སྒེར་སུ་རུང་གིས་འབྲི་ཀློག་བཅོས་གསུམ་བྱེད་ཐུབ་ཀྱི་ཡོད་ཀྱང་། གནས་ཚུལ་རྣམས་ཕྱོགས་ལྷུང་མེད་པར་བར་གནས་ཀྱི་ངོ་བོའི་ཐོག་ནས་འགྲེལ་བརྗོད་ (neutral point of view) བྱེད་རྒྱུ་གཙོར་འདོན་བྱེད་ཀྱི་ཡོད་སྟབས། རྩོད་རྙོག་ཡོད་པའི་ཡིག་ཚགས་ཁག་ལ་བསྐྱར་བཅོས་ཀྱི་ཚད་བཀག་བཟོས་ཏེ། ཝི་ཀི་རིག་མཛོད་ཀྱི་ཁ་བྱང་ཕྱེས་ནས་ཉིན་གྲངས་ ༤ བརྒལ་བ་དང་ཉུང་མཐར་ཡང་ཐེངས་ ༡༠ ལ་བསྐྱར་བཅོས་བྱས་མྱོང་བ་དག་གིས་མ་གཏོགས་ཡིག་ཚགས་དེར་བསྐྱར་བཅོས་ཐུབ་ཀྱི་མེད་པ་རེད། འོན་ཀྱང་ཡིག་ཚགས་ལ་བསྐྱར་བཅོས་དགོས་ཚེ། མང་མོས་ཀྱི་བསྐྱར་བཅོས་དགོས་རྒྱུའི་འབོད་སྐུལ་ཞུས་ཏེ། བགྲོ་གླེང་དང་འོས་ཤོག་བརྒྱུད་ཐག་གཅོད་བྱེད་ཐུབ་ཀྱི་ཡོད་འདུག ད་ལན་ཐའེ་ཝན་གྱི་གནད་དོན་དེ་ཡང་མང་མོས་ཀྱི་བསྐྱར་བཅོས་ཐོག་ནས་ཐག་གཅོད་བྱས་པ་ཞིག་ཡིན་འདུག

གསར་འགོད་པ། པ་སངས་ཚེ་རིང་།

བསྐྱར་བཅོས།: ༢༠༢༠/༠༦/༡༦

Leave a Reply