ཕྱི་ལོ་ ༢༠༡༩ ལོའི་བོད་ནང་གི་འགྲོ་བ་མིའི་ཐོང་ཐང་གི་སྙན་ཐོ་བཏོན།

འདས་ལོར་བོད་ནང་གི་རིག་གཞུང་གླེང་སློང་བ་དང་ཁོར་ཡུག་སྲུང་སྐྱོབ་པ། ལྐོག་ཟ་རུལ་སུངས་ཐེར་འདོན་པ་སོགས་ལ་ཁ་བྲལ་གྱི་བྱ་སྤྱོད་སྤེལ་བ་དང་སྲིད་དབང་མགོ་རྟིང་སློག་རྩིས་བྱས་པའི་ཉེས་མིང་འོག་ནག་སེལ་གཤེད་བཅོམ་གྱི་འཐབ་རྩོད་དྲག་པོའི་ནང་བཅུག་འདུག

དེ་རིང་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས་ཕྱི་ལོ་ ༢༠༡༩ ལོའི་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་སྐོར་གྱི་ལོ་འཁོར་སྙན་ཐོ་བཏོན་ཡོད་པ་དང་། སྙན་ཐོའི་ནང་རྒྱ་ནག་དམར་ཤོག་སྲིད་གཞུང་གིས་ཐད་ཀར་དེ་སྔོན་མོས་མཐུན་མིང་རྟགས་དང་ལག་བསྟར་ཆོག་མཆན་བཀོད་ཟིན་པའི་རྒྱལ་སྤྱིའི་གྲོས་ཆོད་ཁག་རྩིས་མེད་བརྡལ་བཤིག་བཏང་སྟེ། བོད་ནང་དུ་དྲག་གནོན་དབང་སྒྱུར་གྱི་བསམ་སྦྱོར་དང་དེ་འབྲེལ་རྒྱལ་སྤྱི་རིམ་པའི་འགན་འཁྲི་ཁག་སྣང་མེད་དོར་ཏེ། བོད་ཀྱི་ཆབ་དཔལ་རིག་གསུམ་ངོ་བོ་དང་བཅས་པ་རྩ་གཏོར་གཏོང་ཐབས་སུ་དུས་རྒྱུན་དུ་སྲིད་ཁྲིམས་བེད་སྤྱད་ནས་རྒྱ་གཞུང་རང་གི་ཆབ་སྲིད་ཀྱི་ལྟ་སྤྱོད་དང་མི་མཐུན་མཁན་ཚང་མར་ཡ་ང་བའི་དྲག་གནོན་བྱས་དང་བྱེད་བཞིན་པའི་སྐོར་བཀོད་འདུག

སྙན་ཐོའི་ཐོག་མར་བརྗོད་དོན་སྙིང་བསྡུས་ཞེས་པའི་ཚན་པའི་ནང་། ཕྱི་ལོ་ ༢༠༡༨ ལོ་ནས་བཟུང་རྒྱ་གཞུང་གིས་བོད་རང་སྐྱོང་ལྗོངས་དང་བོད་ཀྱི་ས་ཁུལ་གཞན་དག་ནང་རྒྱལ་ཡོངས་རིམ་པའི་ལས་འགུལ་ནག་སེལ་གཤེད་བཅོམ་གྱི་ཆེད་དོན་འཐབ་རྩོད་སྤེལ་ནས། ཁ་བྲལ་རིང་ལུགས་ཀྱི་བྱ་འགུལ་ཟེར་བའི་མིང་བྱང་འོག་དུ་བོད་དོན་ཞི་རྒོལ་བ་དང་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་གནང་མཁན་ཚོར་ཁྱབ་ཆེ་ཞིང་འཆར་གཞི་དང་དམིགས་ཡུལ་ལྡན་པའི་སྡང་འཛིན་དྲག་གནོན་བྱེད་བཞིན་པ་གསང་རྒྱ་བྱེད་བཞིན་ཡོད་པ་དང་། རྒྱ་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཀྱི་བྱ་འགུལ་རིགས་ཚང་མ་ཁྲིམས་འགལ་དུ་བསྒྱུར་ཐབས་ཀྱི་ནུས་པ་ཤུགས་ཆེར་བཏང་སྟེ། དྲང་བདེན་གྱི་ཁྲིམས་ཞིབ་ཐོབ་ཐང་མེད་པ་མ་ཟད། རྒྱ་གཞུང་གི་ནོར་འཁྲུལ་ཅན་གྱི་ཉེས་དོན་ཁྲིམས་འཛིན་ལམ་ལུགས་ཀྱིས། བོད་མི་ཚོས་སོ་སོའི་འགྲོ་བ་མིའི་ཐོབ་ཐང་ལོངས་སུ་སྤྱོད་དབང་དང་སྲུང་སྐྱོང་བྱེད་ཐབས་མེད་པ་བཟོས་ཡོད་སྐོར་བརྗོད་འདུག

འགྲོ་བ་མིའི་ཐོབ་ཐང་དོན་གཉེར་བ་དང་ལས་འགུལ་བ་བཀག་བསྐྱིལ་ཞེས་པའི་དོན་ཚན་ནང་།  ཕྱི་ལོ་༢༠༡༩ ལོའི་ཟླ་༡ པོའི་ནང་རྒྱ་གཞུང་གི་ལས་བསྡོམས་སྙན་ཐོ་ལྟར་ན། བོད་རང་སྐྱོང་ལྗོངས་མཐོ་རིམ་མི་དམངས་ཁྲིམས་ཁང་ཟེར་བས་ཕྱི་ལོ་༢༠༡༨ ལོར་ནག་ཚོགས་ལ་དྲག་རྡུང་གཏོང་བའི་ལས་འགུལ་ཁྲོད་དུ་མི་ ༣༠༠ ཞིབ་བཤེར་བྱས་པ་ལས་མི་༢༦༨ ཀྱིས་བྱས་ཉེས་བསགས་ཡོད་རབས་དང༌། གཞན་མི་གྲངས་ ༢༥ ཡིས་རྒྱལ་ཁབ་ཁ་བྲལ་གྱི་སྐུལ་སློང་ངམ། ཡང་ན་མི་གཞན་ལ་རྒྱུ་དངོས་རོགས་རམ་བྱས་ནས་རྒྱལ་ཁབ་ཀྱི་བདེ་འཇགས་ལ་ཉེན་ཁ་བཟོས་རབས་ཀྱི་ཉེས་ཆད་བཙན་འགེལ་བྱས་ཡོད་པ་དང་། གནད་དོན་དེའི་སྐོར་གྱི་ཞིབ་ཕྲའི་གནས་ཚུལ་ཤེས་རྟོགས་དཀའ་བས། ཉེས་འཛུགས་མི་སྣ་དེ་ཚོའི་གྲས་སུ་བོད་དོན་ལས་འགུལ་བ་དང་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་གནང་མཁན་གྱི་མི་ཚུད་ཡོད་པར་བློ་འཚབ་ཡོད་སྐོར་དང་། ཕྱི་ལོ་ ༢༠༡༩ ལོའི་ཟླ་ ༨ པར་མཚོ་སྔོན་ཞིང་ཆེན་སྲིད་གཞུང་གིས་སྐད་འཕྲིན་ཚོགས་པ་དང་མི་སྒེར་གྱིས་འཕྲིན་ཕྲན་ནང་ཁྲིམས་འགལ་གྱི་བརྗོད་དོན་རིགས་སྤེལ་བའམ་བརྒྱུད་བསྐུར་བྱས་ཚེ། ནག་སེལ་བཤེད་བཅོམ་གྱི་ཆེད་དོན་འཐབ་རྩོད་འོག་ཏུ་མི་ལོ་ ༨ ཀྱི་དུས་བཀག་བཙོན་འཇུག་གི་ཁྲིམས་ཐག་གཅོད་རྒྱུ་ཡིན་སྐོར་བསྒྲགས་པ་དང་། ཕྱི་ཟླ་ ༦ ནང་རྒྱ་ནག་ས་གནས་སྲིད་གཞུང་གིས། མཚོ་སྔོན་ཞིང་ཆེན་ནང་ཁྲིམས་འགལ་ཉེས་གསོག་གི་དོགས་ཡོད་མི་སྣ་ ༣༣༣ འཛིན་བཟུང་དང་མི་གྲངས་ ༤༠༨ ལ་ཞིབ་བཤེར་བྱས་ཡོད་སྐོར། དེ་བཞིན། ཁོར་ཡུག་སྲུང་སྐྱོབ་དང་འབྲེལ་ཕྱི་ལོ་ ༢༠༡༩ ཟླ་ ༤ པར་རེབ་གོང་རྫོང་ཕྱོགས་ཀྱི་ཡུལ་མིའི་ས་ཞིང་གི་བདག་དབང་དོན་གཉེར་གནང་མཁན་བོད་མི་ ༩ འཛིན་བཟུང་བཙོན་འཇུག་བྱས་པ་དང་ཕྱི་ཟླ་ ༥ པའི་ནང་དྲག་རྡུང་ལས་འགུལ་དེའི་འོག་ཏུ་གཞན་བོད་མི་ ༢༡ འཛིན་བཟུང་བྱས་པའི་གྲས་སུ་གྲོང་སྡེ་རིམ་པའི་མགོ་འཁྲིད་ ༢ དང་འབྲོག་སྡེའི་མགོ་འཁྲིད་ ༡ བཅས་ཚུད་ཡོད་སྐོར་སོགས་བརྗོད་འདུག

ཡང་སྙན་ཐོའི་ནང་བོད་ཀྱི་རིག་གཞུང་གླེང་སློང་ཁྲིམས་འགལ་དུ་བསྒྱུར་བ་དང་། བོད་སྐད་ཡིག་དང་ཆོས་ལུགས་སློབ་གསོར་དམ་དྲགས། ཆ་འཕྲིན་བཀག་སྡོམ་གྱི་སྲིད་བྱུས་འོག བོད་མི་རྡོ་རྗེ་ཚེ་རིང་དང་པདྨ་བསམ་འགྲུབ་གཉིས་བཀག་ཉར་བྱས་ཏེ་ཆབ་སྲིད་སློབ་གསོའི་བཀག་ཉར་ཁང་དུ་བཀག་བསྐྱིལ་བྱས་ཡོད་སྐོར་དང་། ཞི་ཅིན་ཕིན་གྱི་སྲིད་དབང་འོག་ཏང་སྲིད་ཀྱི་རྒྱལ་ཞེན་རིང་ལུགས་ལག་བསྟར་དང་ཏང་གི་རིག་པའི་གཞུང་ལུགས་ཟེར་བའི་དམར་ཤོག་སྲིད་གཞུང་གི་ཆབ་སྲིད་ཀྱི་ལྟ་བ་ལངས་ཕྱོགས་མཐོར་འདེགས་གཏོང་ཆེད། རྒྱལ་ཡོངས་སུ་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་བྱེད་སྒོ་ཟེར་བའི་ཆབ་སྲིད་སློབ་གསོ་གཞི་རྒྱ་ཇེ་ཆེ་དང་མྱུར་ཚད་ཇེ་མགྱོགས་སུ་བཏང་ནས། བོད་གཙོས་གྲངས་ཉུང་མི་རིགས་ས་ཁུལ་ཁག་ཏུ་བསམ་བརྗོད་རང་དབང་ནི་སྔར་བཞིན་རྒུད་པ་ནས་རྒུད་པར་གྱུར་ཡོད་སྐོར། དེ་བཞིན། ཨ་ཉ་སེང་སྒྲའི་གྱོང་དོན་གཞིར་བཞག་ཐོག་རུལ་སུངས་ཐེར་འདོན་ཞུ་གཏུག་ཁྲིམས་འགལ་དུ་བསྒྱུར་བ་དང་ཞི་རྒོལ་ལས་འགུལ་བ་བཙོན་འཇུག་ཁྲོད་བོད་ཀྱི་ཆབ་སྲིད་བཙོན་ཟུར་བློ་གྲོས་རྒྱ་མཚོ་དང་ཁོང་གི་བཟའ་ཟླ་དགའ་སྐྱིད་གཉིས་ལ་མི་ལོ་ ༢ ནས་ ༡༨ བར་ཁྲིམས་ཐག་བཅད་ཡོད་སྐོར་སོགས་བརྗོད་འདུག

ཡང་སྙན་ཐོའི་ནང་༧པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་རིན་པོ་ཆེ་མཆོག་གར་སོང་ཆ་མེད་དུ་གྱུར་ཏེ་ལོ་ ༢༤ འཁོར་གྱི་ཡོད་པ་དང་། རྒྱ་གཞུང་གིས་༧པཎ་ཆེན་རིན་པོ་ཆེ་མྱུར་དུ་གློད་གྲོལ་དགོས་པའི་ཞི་འབོད་གནང་མཁན་དད་ལྡན་བོད་མི་དཀྱུས་མ་ཚོ་འཛིན་བཟུང་བཙོན་འཇུག་དང་སྡུག་སྦྱོང་མནར་གཅོད་གཏོང་གི་ཡོད་པ་དང་། དེའི་ཁྲོད་བོད་མི་དབང་ཆེན་དང་ཁོང་གི་ཨ་ནེ་སྒྲོལ་དཀར་གཉིས་འཛིན་བཟུང་དང་། བོད་མི་བློ་བཟང་དང་ཡོན་ཏན་གཉིས་ལ་རྒྱ་སྒོར་ ༡༥༠༠༠ ཉེས་ཆད་དང་དུས་ཡུན་ཟླ་ ༦ ཆབ་སྲིད་སློབ་གསོའི་འཛིན་གྲྭར་ཞུགས་དགོས་པའི་བཀའ་ཁྱབ་བཏང་ཡོད་སྐོར་དང་། དེ་བཞིན། རྒྱ་གཞུང་གིས་བསྐོ་གཞག་བྱས་པའི་པཎ་ཆེན་བརྒྱུད་བོད་བརྒྱུད་ནང་བསྟན་གྱི་བླ་མ་སྐྱེས་ཆེན་དང་བླ་སྤྲུལ་གྱི་ཡང་སྲིད་ངོས་འཛིན་དོ་དམ་བྱེད་ཐབས་གཙོས་ཆོས་ལུགས་ལ་དྲག་གནོན་བྱེད་པའི་སྲིད་བྱུས་ཁག་ཁྲིམས་མཐུན་གྱི་ངོ་བོར་བསྒྱུར་ཐབས་དང་སྤྲུལ་སྐུའི་ཡང་སྲིད་ངོས་འཛིན་ལམ་ལུགས་ནི་ཆོས་ཕྱོགས་ཀྱི་གནད་དོན་ཙམ་དང་བླ་མ་སྐྱེས་ཆེན་སོ་སོའི་ཐོབ་ཐང་ཙམ་མིན་པར། དེ་ནི་ཏང་གིས་བོད་ལས་དོན་ལ་དོ་དམ་ལག་བསྟར་ཇུས་ཆེན་གྱི་རྣམ་གྲངས་གལ་ཆེན་ཡིན་སྟབས། ཆོས་ལུགས་ཀྲུང་གོ་ཅན་གྱི་ཁ་ཕྱོགས་མཐའ་འཁྱོངས་བྱས་ནས་བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་ལ་བསྒྱུར་ཐབས་བྱེད་ཀྱི་ཡོད་སྐོར། དེ་བཞིན། ཕྱི་ལོ་ ༢༠༡༩ ཟླ་ ༦ པའི་ནང་ཡ་ཆེན་སྒར་གྱི་གྲྭ་བཙུན་ ༣༥༠༠ ལྷག་གྲྭ་ཤག་གཏོར་ཏེ་བོད་ཀྱི་དགོན་སྡེ་ཁག་ཏུ་གྲྭ་བཙུན་ཇེ་ཉུང་དུ་གཏོང་ཐབས་བྱེད་བཞིན་ཡོད་སྐོར་སོགས་བརྗོད་འདུག

སྙན་ཐོ་དེ་བོད་རྒྱ་དབྱིན་གསུམ་ནང་བཏོན་ཡོད་པ་དང་། བོད་ཡིག་སྙན་ཐོར་ཤོག་གྲངས་ ༧༧ ཡོད་པ་ལས། སྙན་ཐོའི་དཀར་ཆག་ནང་ཆབ་སྲིད་ལས་འགུལ་ཁྲོད་དུ་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་བཏང་བ་དང་། འགྲོ་བ་མིའི་ཐོབ་ཐང་དོན་གཉེར་བ་དང་ལས་འགུལ་བ་བཀག་བསྐྱིལ། ཁོར་ཡུག་སྲུང་སྐྱོབ་བྱ་འགུལ་ལ་དྲག་གནོན། རུལ་སུངས་ཐེར་འདོན་གནང་མཁན་བཙོན་འཇུག་དང་བོད་སྐད་ཡིག་དང་ཆོས་ལུགས་སློབ་གསར་དམ་དྲགས། བོད་ཀྱི་རིག་གཞུང་གླེང་སློང་ཁྲིམས་འགལ་དུ་བསྒྱུར་ཐབས་དང་དོགས་ཟོན་མྱུལ་ཞིབ་དང་དྲ་ལམ་ཞིབ་བཤེར། ཆབ་སྲིད་སློབ་གསོ་ཁྱབ་སྤེལ་དང་། ས་ཆའི་བདག་དབང་གི་ཐོབ་ཐང་དོན་གཉེར་བ་བཙོན་འཇུག་དང་རུལ་སུངས་ཐེར་འདོན་ཞུ་གཏུག་ཁྲིམས་འགལ་དུ་བསྒྱུར་བ། དེ་བཞིན། ཞི་རྒོལ་ལས་འགུལ་བ་བཙོན་འཇུག་དང་བོད་རང་བཙན་གྱི་ཞི་རྒོལ་བར་དྲག་གནོན་དང་རང་སྲེག་ཞི་རྒོལ། དག་འབུལ་ཞུ་གཏུག་གི་ཐོབ་ཐང་མ་སྤྲད་པ་དང་ཁྲིམས་ཞིབ་ནར་འགྱངས་ཀྱི་བཀག་བསྐྱིལ། འགྲོ་བ་མིའི་ཐོབ་ཐོང་སྲུང་སྐྱོབ་གནང་མཁན་ཁྲིམས་རྩོད་པར་བརྡབ་གསིག་བཏང་བ་དང་། ༧པཎ་ཆེན་རིན་པོ་ཆེ་བཙན་དབང་གིས་གར་སོང་ཆ་མེད་བཟོས་པ་དང་བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་ལ་བསྒྱུར་ཐབས། བསམ་བློ་ཆབ་སྲིད་སློབ་གསོའི་བྱེད་སྒོ་དང་དགོན་སྡེ་ཁག་གི་གྲྭ་བཙུན་ཇེ་ཉུང་དུ་གཏོང་ཐབས་སོགས་བཀོད་འདུག་ལ། བོད་ནང་གི་ཆབ་སྲིད་བཙོན་པའི་སྐོར་ལ་ལོགས་སུ་སྙན་ཐོ་ཞིག་འདོན་འཆར་ཡོད་འདུག

གསར་འགོད་པ། སྐལ་བཟང་སྦྱིན་པ།

བསྐྱར་བཅོས།: ༢༠༢༠/༠༦/༡༦

Leave a Reply

One thought on “ཕྱི་ལོ་ ༢༠༡༩ ལོའི་བོད་ནང་གི་འགྲོ་བ་མིའི་ཐོང་ཐང་གི་སྙན་ཐོ་བཏོན།