ཁྲུང་ཆིན་གྲོང་ཁྱེར་གྱི་སྤྱི་ཁྱབ་གཞོན་པར་ཞིབ་བཤེར་བྱེད་ཀྱི་འདུག

རྒྱ་ནག་གཞུང་གི་ནང་འཁྲུག་གི་ལྟེ་བ་ལྟ་བུར་གྱུར་བའི་ཁྲུང་ཆིན་གྲོང་ཁྱེར་གྱི་ཉེན་རྟོག་ཁང་གི་མགོ་འཁྲིད་དང་གྲོང་ཁྱེར་སྤྱི་ཁྱབ་གཞོན་པ་ཏུན་ཧེ་ལིན་གྱིས་སྒྲིག་འགལ་ཁྲིམས་འགལ་ཚབས་ཆེན་བྱས་ཡོད་པའི་ཉེས་མིང་འོག་ཞིབ་བཤེར་བྱེད་ཀྱི་འདུག

ཟླ་འདིའི་ཕྱི་ཚེས་ ༡༦ ཉིན། རྒྱ་ནག་ལྷོ་ནུབ་ཁྲུང་ཆིན་(Chongqing)གྲོང་ཁྱེར་ཉེན་རྟོག་ཁང་གི་མགོ་འཁྲིད་དང་། གྲོང་ཁྱེར་སྤྱི་ཁྱབ་གཞོན་པ་ཏུན་ཧེ་ལིན(Deng Huilin)གྱིས། སྒྲིག་འགལ་ཁྲིམས་འགལ་ཚབས་ཆེན་བྱས་ཏེ། དམར་ཤོག་ཚོགས་པའི་སྒྲིག་ཁྲིམས་དང་འགལ་ཡོད་པའི་དོགས་གཞིའི་འོག་ཞིབ་བཤེར་བྱེད་བཞིན་ཡོད་པ་དང་། གནད་དོན་དབྱེ་ཞིབ་པ་ཚོས་རྒྱ་ནག་གི་མཐོ་རིམ་མགོ་འཁྲིད་ཁག་གི་ནང་མི་མངོན་པའི་འཐབ་རྩོད་ཤུགས་ཆེ་རུ་འགྲོ་བཞིན་ཡོད་པའི་ཚོད་དཔག་བྱེད་བཞིན་འདུག

གནད་དོན་དེའི་ཐད་རྒྱ་ནག་དབུས་སྒྲིག་ཁྲིམས་ཞིབ་བཤེར་ཁང་གིས། ཏུན་ཧེ་ལིན་གྱིས་འགན་འཁུར་མེད་པའི་ལས་དོན་གཉེར་ཏེ། ཏང་གི་ལུགས་སྲོལ་དང་སྒྲིག་འགལ་ཚབས་ཆེན་བྱས་ཡོད་པས་ཞིབ་བཤེར་བྱེད་བཞིན་ཡོད་སྐོར་བརྗོད་པ་ལས། སྒྲིག་ཁྲིམས་ག་རེེར་འགལ་ཡོད་པའི་གསལ་ཁ་གང་ཡང་བཏོན་མེད་པ་རེད། རྒྱ་ནག་གོ་ལའི་ཚའེ་ཤིན(caixinglobal)དུས་དེབ་ཀྱིས་སྤེལ་བའི་གནས་ཚུལ་ནང་། ཏུན་ནི་དེ་སྔ་ལྐོག་ཟ་རུལ་སུངས་ཀྱི་མིང་འོག་ནས་ཉེས་ཆད་བཅད་ཟིན་པའི་ཁྲུང་ཆིན་གྲོང་ཁྱེར་མཐོ་རིམ་མགོ་འཁྲིད་ཁག་ཅིག་གི་འོག་ནས་ལས་གཉེར་དང་། ཁོ་ཚོའི་སྐབས་སུ་གོ་གནས་མཐོ་སར་འཛེགས་ཡོད་པས་ཡིན་སྐོར་བརྗོད་བཞིན་འདུག

གནད་དོན་འདི་དང་འབྲེལ། སྲིད་དོན་དབྱེ་ཞིབ་པ་ཚོས་ད་ལྟའི་ཆར་རྒྱ་ནག་གཞུང་གི་མཐོ་རིམ་དཔོན་རིགས་ཚོའི་བར་ཤོག་ཁག་རང་བཞིན་གྱི་འགལ་ཟླ་རྣོ་ངར་ཅན་ཞིག་ཡོང་བཞིན་ཡོད་པ་དང་། རྒྱ་ནག་ཁྲུང་ཆིན་གྲོང་ཁྱེར་ནི་ཞི་ཅིན་ཕིན་གྱི་ལྐོག་ཟ་རུལ་སུངས་གཙང་ཕྱག་གི་ལས་འགུལ་སྤེལ་ས་ཐོག་མ་དང་། དཔོན་གནས་མཐོ་གྲས་ལ་ཞིབ་བཤེར་དང་བཙོན་འཇུག་བྱེད་སའི་ས་ཁུལ་གནད་འགག་ཅན་ཞིག་ཆགས་ཡོད་སྟབས། ཏུན་ལ་གློ་བུར་དུ་ཞིབ་བཤེར་བྱེད་དོན་ནི་ཁོ་ཚེ་བཙོན་འོག་ཡོད་པའི་ཁྲུང་ཆིན་གྲོང་ཁྱེར་དམར་ཤོག་ཚོགས་པའི་དྲུང་ཆེ་སུན་ཀྲིན་ཚའེ་ཡི་མཐུན་ཕྱོགས་ཡིན་པས་ཡིན་པ་དང་། ཁྲུང་ཆིན་གྲོང་ཁྱེར་ནང་ཞི་དང་ལྟ་ཚུལ་འགལ་ཟླ་ཡོད་པའི་མཐོ་རིམ་མགོ་འཁྲིད་མང་པོ་ཡོད་སྟབས། གནད་འགག་གི་སྐབས་སུ་ཞི་ཡིས་སྔ་ས་ནས་གྲོང་ཁྱེར་དེར་ཡོད་པའི་རང་གི་ལྟ་ཚུལ་མི་མཐུན་པ་ཚོ་རྩ་མེད་གཏོང་གི་ཡོད་པའི་ཚོད་དཔག་བྱེད་བཞིན་འདུག

ཟླ་སྔོན་མའི་ནང་རྒྱ་ནག་དམར་ཤོག་ཚོགས་པའི་ཚོགས་ཆེན་གཉིས་དང་བསྟུན། རྒྱ་ནག་གི་མགོ་ཁྲིད་ཞི་དང་སྲིད་བློན་ལི་ཁེ་ཆྰང་གཉིས་ཀྱི་དཔལ་འབྱོར་སླར་གསོའི་ལས་དོན་ཐད་འགལ་འདུ་ཡོད་པའི་སྐད་ཆ་ཞིག་བྱུང་ཡོད་པ་ལྟར། རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་རྒྱ་ནག་གི་མགོ་ཁྲིད་ཞི་དང་ལི་ཡི་ཤོག་ཁག་དབར་གྱི་འགལ་ཟླ་རྣོ་ངར་ཆེ་རུ་འགྲོ་བཞིན་ཡོད་པའི་ཚོད་དཔག་བྱེད་བཞིན་ཡོད་པ་དང་། ཕྱི་ཚེས་ ༡༥ ཉིན་རྒྱ་ནག་གིས་གློ་བུར་རྒྱ་གར་ནང་བཙན་འཛུལ་གྱིས་དམག་མིའི་བར་འཁྲུག་འཛིང་བྱེད་དོན་པེ་ཅིན་གྲོང་ཁྱེར་གྱི་ནང་འཁྲུག་དང་། རྒྱ་ནག་མི་མང་གི་བསམ་བློའི་ཁ་ཕྱོགས་བསྒྱུར་ཐབས་ཡིན་སྐོར་གྱི་བསམ་ཚུལ་ཡོང་བཞིན་ཡོད་པ་མ་ཟད། རྒྱ་ནག་གནམ་སྡེ་སྒོ་མོ་ཆེའི་དོན་རྐྱེན་སྐབས་ཀྱི་ལས་འགུལ་བ་དང་རྒྱ་ནག་སྲིད་དོན་དཔྱད་བརྗོད་པ་རོའོ་སི་ཐང་གིས། པེ་ཅིན་གྱི་ནང་འཁྲུག་དང་བསྙད་བརྐོ་ཟིང་སློང་(尋釁滋事)ཟེར་བ་འགྲོ་བཞིན་པའི་སྐབས་དང་། པེ་ཅིན་ནང་བསྐྱར་དུ་ཏོག་ནད་ལངས་པ་སོགས་ཀྱིས་རྒྱ་ནག་གཞུང་གིས་མི་མང་གི་ཁ་ཕྱོགས་བསྒྱུར་ཐབས་སུ་གང་བྱུང་བྱེད་བཞིན་ཡོད་སྐོར་སོགས་བརྗོད་འདུག

ཕྱི་ལོ་ ༢༠༡༢ ལོ་ནས་རྒྱ་ནག་གི་མགོ་འཁྲིད་ཞི་ཡིས་ལྐོག་ཟ་རུལ་སུངས་གཙང་སེལ་གྱི་ལས་འགུལ་སྤེལ་བ་ནས། ཁྲུང་ཆིན་གྲོང་ཁྱེར་ནི་ཞི་ཡི་འཐབ་རྩོད་ཀྱི་ལས་འགུལ་སྤེལ་ས་ཐོག་མའི་གྲས་དང་དམིགས་འབེན་གཙོ་བོ་ཆགས་ཡོད་པ་དང་། ༢༠༡༣ ལོར་ཁྲུང་ཆིན་དམར་ཤོག་དྲུང་ཆེ་ཟུར་བ་པོ་ཞི་ལེ་ (Bo Xilai)བཙོན་འཇུག་བྱས་ཡོད་པ་དང་། པོ་ཞི་ལེ་ཡི་ཉེས་མིང་ལ་བརྟེན་ཏེ་ཁྲུང་ཆིན་གྲོང་ཁྱེར་ཉེན་རྟོག་མགོ་བ་ཝང་ལེ་ཅུན་ (Wang Lijun) ཡང་གོ་གནས་ལས་ལྷུང་སྟེ་བཙོན་དུ་ཚུད། ཕྱི་ལོ་ ༢༠༡༧ ལོར་ཁྲུང་ཆིན་གྲོང་ཁྱེར་དམར་ཤོག་ཚོགས་པའི་དྲུང་ཆེ་སུན་ཀྲིན་ཚའེ་ཚེ་བཙོན་གྱི་ཁྲིམས་ཐག་བཅད་དེ། ཁོའི་ཚབ་ལ་ཞི་ཡི་བློས་ཐུབ་ལས་རོགས་ཀེའུ་ཀྲུག་དམར་ཤོག་དྲུང་ཆེ་ཁྲིན་མིན་ཨིར་(Chen Miner)བསྐོ་བཞག་བྱས་ཡོད་པ་རེད། མི་མང་པོས་ཁྲུང་ཆིན་གྲོང་ཁྱེར་ནི་དམར་ཤོག་ཚོགས་པའི་གསང་བ་ལྐོག་གྱུར་གྱི་ཁུངས་སྣེ་ཞིག་པའི་ཚོད་དཔག་དང་། ཡང་ན་གྲོང་ཁྱེར་དེའི་མཐོ་རིམ་མགོ་ཁྲིད་ཚོར་དག་ཐེར་བྱས་ཏེ་གྲགས་མེད་འགུལ་མེད་བཟོ་བཞིན་པ་ནི་དམར་ཤོག་ཚོགས་པའི་མགོ་འཁྲིད་ཚོ། ཏང་ལ་བློ་དཀར་མིན་གྱི་ཚོད་ལྟ་བྱེད་ས་ཞིག་ཀྱང་ཡིན་སྐོར་བརྗོད་བཞིན་ཡོད་པ་རེད།

ཏུན་ནི་དེ་སྔ་རྒྱ་ནག་ཧུ་པེ་ཞིང་ཆེན་གྱི་ཉེན་རྟོག་མགོ་འཁྲིད་གཞོན་པ་ནས་རིམ་པས་གོ་གནས་འཕར་ཏེ། ཕྱི་ལོ་ ༢༠༡༥ ལོར་རྒྱ་ནག་དབུས་ཆབ་སྲིད་དང་ཁྲིམས་དོན་ལྷན་ཁང་གི་མགོ་འཁྲིད་ལ་བསྐོས་ཡོད་པ་དང་། ཕྱི་ལོ་ ༢༠༡༧ ལོར་ཁྲུང་ཆིན་གྲོང་ཁྱེར་གྱི་ཉེན་རྟོག་མགོ་འཁྲིད་ཧེ་ཊིན(He Ting)ལ་ལྐོག་ཟ་རུལ་སུངས་ཀྱི་ཉེས་འཛུགས་འོག་ལས་གནས་ནས་ཕྱིར་ཕུད་བཏང་རྗེས། ཏུན་ལ་ཁྲུང་ཆིན་གྱི་ཉེན་རྟོག་མགོ་འཁྲིད་དང་གྲོང་ཁྱེར་སྤྱི་ཁྱབ་གཞོན་པ་སོགས་ཀྱི་ལས་གནས་ལ་བསྐོས་ཡོད་འདུག

གསར་འགོད་པ། སངས་རྒྱས་དཀོན་མཆོག

བསྐྱར་བཅོས།: ༢༠༢༠/༠༦/༡༧

Leave a Reply