འཛམ་གླིང་གི་ཚོགས་སྡེ་ ༨༦ གིས་རྒྱ་ནག་དམངས་ཆེན་གྱི་རྒྱུན་ལས་ཚོགས་གཙོར་ཡོངས་ཁྱབ་འབོད་སྐུལ་གནང་།

འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཀྱི་ཚོགས་སྡེ་ཁག་ ༨༦ མཉམ་འབྲེལ་གྱིས་རྒྱ་ནག་དམངས་ཆེན་རྒྱུན་ལས་ལྷན་ཚོགས་ཀྱི་ཚོགས་གཙོ་ལི་ཀྲན་ཧྲུ་ལ་ཧོང་ཀོང་གི་ཁྲིམས་འཆར་འཕྲལ་དུ་ཕྱིར་འཐེན་དགོས་པའི་འབོད་སྐུལ་བྱས་འདུགདེ་རིང་རྒྱལ་སྤྱིའི་ཉེས་ཡང་ཚོགས་པ་གཙོས་པའི་རྒྱལ་སྤྱི་དང་ས་གནས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་ཚོགས་སྡེ་མི་འདྲ་བ་ ༨༦ མཉམ་འབྲེལ་གྱི་སྒོ་ནས། རྒྱ་ནག་མང་ཆེན་རྒྱུན་ལས་ལྷན་ཚོགས་ཀྱི་ཚོགས་གཙོ་ལི་ཀྲན་ཧྲུ་ (Li Zhanshu) ཟེར་བའི་མིང་ཐོག་ལ་ཡོངས་ཁྱབ་འཕྲིན་ཡིག་ཅིག་བསྐུར་ཏེ། ཉེ་ཆར་རྒྱ་ནག་གི་གྲོས་ཚོགས་ནང་མང་མོས་རྒྱབ་སྐྱོར་ཐོབ་པའི་ཧོང་ཀོང་གི་བདེ་སྲུང་ཁྲིམས་འཆར་དེས། ཧོང་ཀོང་གི་སྤྱི་དམངས་འགྲོ་བ་མིའི་ཐོབ་ཐང་དང་རང་དབང་དག་ཉེན་ཁའི་གནས་སུ་ལྷུང་སྲིད་པས་ཁྲིམས་འཆར་དེ་ཕྱིར་འཐེན་དགོས་པའི་འབོད་སྐུལ་ཞུས་ཡོད་འདུག

ཡོངས་ཁྱབ་འཕྲིན་ཡིག་དེའི་མགོར། ང་ཚོས་ཉེ་ཆར་རྒྱ་ནག་གི་མི་མང་འཐུས་མིའི་ཚོགས་ཆེན་གྱིས་ཧོང་ཀོང་ནང་ཐད་ཀར་རྒྱལ་སྲུང་བདེ་སྲུང་ཁྲིམས་འཆར་ཞིག་གཏན་འབེབ་བྱ་རྒྱུར་མོས་མཐུན་རྒྱབ་སྐྱོར་བྱས་པའི གནད་དོན་ཐད་བློ་ཕམ་ཆེན་པོ་མཚོན་ཆེད་དུ་འཕྲིན་ཡིག་འདི་འབྲི་དགོས་བྱུང་། ང་ཚོས་ཚོགས་ཆེན་གྱི་རྒྱུན་ལས་ངོས་ནས་ཁྲིམས་འཆར་དེ་རྩིས་མེད་གཏང་རྒྱུའི་འབོད་སྐུལ་ཞུ་བཞིན་ཡོད། ཅེས་དང་། ང་ཚོར་ཁྲིམས་འཆར་དེས་ཧོང་ཀོང་དང་། དེར་གནས་འཁོད་སྤྱི་དམངས་དཀྱུས་མའི་ཐོག་ཤུགས་རྐྱེན་གང་སྦྱིན་སྲིད་མིན་ཐད་བློ་འཚབ་སྐྱེ་བཞིན་ཡོད། ཅེས་བཀོད་འདུག

གཞན་འཕྲིན་ཡིག་ནང་། ཁྲིམས་འཆར་དེའི་གྲུབ་དོན་ཡོངས་ཁྱབ་བཟོས་མེད་ཀྱང་། དེའི་དམིགས་ཡུལ་གཙོ་བོ་ཁ་བྲལ་དང་། གཞུང་གི་དབང་ཆ་མགོ་རྟིང་སློག་རྩིས་བྱེད་པ། འཇིགས་སྐུལ་དྲག་སྤྱོད། དེ་བཞིན་ཕྱི་མིས་ཧོང་ཀོང་གི་གནད་དོན་ལ་ཐེ་བྱུས་བྱེད་རྒྱུ་བཅས་བཀག་འགོག་བྱ་ཆེད་ཡིན་སྐོར་བརྗོད་ཡོད་ཀྱང་། གསལ་ལ་མི་གསལ་བའི་ཁྲིམས་འཆར་གྱི་ཚིག་འབྲུ་དེ་དག གཞུང་ལ་སྐྱོན་བརྗོད་བྱེད་པའི་བྱ་འགུལ་དང་། འགྲོ་བ་མིའི་ཐོབ་ཐང་ལོངས་སུ་སྤྱོད་པའམ་སྲུང་སྐྱོབ་བྱེད་པའི་བྱ་འགུལ་སོགས་ཀྱི་ཐོག་བེད་སྤྱོད་བྱེད་སྲིད་པ་ཞིག་ཡིན་སྐོར་དང་། རྒྱ་ནག་གི་བདེ་སྲུང་ཁྲིམས་ཡིག་གི་འབྲུ་དོན་ཁྱབ་ཆེ་དྲགས་པའི་རྐྱེན་གྱིས། ཞི་བའི་ལས་འགུལ་བ་དང་། འགྲོ་བ་མིའི་ཐོབ་ཐང་གི་ཁྲིམས་རྩོད་པ། ཆེད་མཁས་པ། གྲངས་ཉུང་མི་རིགས། གསར་འགོད་པ་དང་མི་སེར་ཚོ། སྲིད་དབང་མགོ་རྟིང་སློག་པའམ་སློག་རྩིས་བྱེད་པ་དང་། ཡང་ན་ཁ་བྲལ་གྱི་བྱ་བར་ཞུགས་པའམ། གཞུང་གི་གསང་བ་ཕྱིར་གྱར་བའི་ཉེས་མིག་འོག་འཛིན་བཟུང་བཀག་ཉར་བྱེད་བཞིན་ཡོད་སྐོར་དང་། རྒྱ་ནག་དང་ཧོང་ཀོང་ས་གནས་སྲིད་གཞུང་གིས་དེ་སྔ་ནས་ཧོང་ཀོང་ནང་གི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་དང་ལས་འགུལ་བ་རྣམས་ཕྱིའི་སྟོབས་ཤུགས་ཀྱིས་ཡར་སྐུལ་བྱས་པ་ཞིག་ཡིན་སྐོར་ཉེས་འཛུགས་བྱས་ཟིན་པས། ད་ལྟའི་ཁྲིམས་འཆར་དེའི་འབྲུ་དོན་ལྟར་ན་ཁོང་ཚོ་ཚང་མ་ཕྱིའི་ཤུགས་རྐྱེན་འོག་ཡོད་པ་མཚོན་གྱི་ཡོད་སྐོར་བརྗོད་ཡོད་འདུགད་དུང་ཡོངས་ཁྱབ་འཕྲིན་ཡིག་ནང་ད་ཐེངས་ཀྱི་ཁྲིམས་འཆར་དེ་ནི་ཧོང་ཀོང་གི་གཞི་རྩའི་བཅའ་ཁྲིམས་ཀྱི་དགོངས་དོན་དང་འགལ་ཡོད་པའི་སྐོར་བརྗོད་པའི་ནང་།  རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཀྱི་སྒྲོམ་གཞི་དེས། རྒྱ་ནག་གི་བདེ་སྲུང་ཁྲིམས་ཡིག་དེ་ཧོང་ཀོང་ཐོག་འགེལ་ཆོག་གི་མེད་པ་དང་། ཡང་ཧོང་ཀོང་གི་གཞི་རྩའི་བཅའ་ཁྲིམས་ (Basic Law) ཀྱི་དོན་ཚན་ ༡༨ ཀྱི་ཟུར་སྦྱར་དོན་ཚན་ ༣ པའི་ནང་རྒྱ་ནག་གི་ཁྲིམས་སྒྲིག་རེ་འགའ་ཧོང་ཀོང་ཐོག་འགེལ་ཆོག་པའི་ཆ་རྐྱེན་ཡོད་ནའང་། ཧོང་ཀོང་གི་ཁྲིམས་བཟོ་ལྷན་ཁང་གི་མོས་མཐུན་དགོས་པའམ། ཡང་ན་ཡོངས་ཁྱབ་གསལ་བསྒྲགས་ (promulgation) བྱས་ཏེ་གཏན་འབེབ་དགོས་ཀྱི་ཡོད་པ་རེད། དེ་བཞིན་གནད་དོན་གཞན་ཞིག་ནི་ཧོང་ཀོང་གི་གཞི་རྩའི་བཅའ་ཁྲིམས་ཀྱི་དོན་ཚན་ ༡༨ པའི་ནང་། གལ་ཏེ་དེ་ལྟ་བུའི་རྒྱལ་ཡོངས་ཁྲིམས་ཡིག་ཅིག་ཧོང་ཀོང་ཐོག་འགེལ་དགོས་བྱུང་ཚེ། དེ་ནི་རྒྱལ་སྲུང་དང་ཕྱི་འབྲེལ་སྐོར་དང་། ཡང་ན་ཧོང་ཀོང་གི་རང་སྐྱོང་གི་གནས་བབ་དང་མ་འགལ་བའི་གནད་དོན་སྐོར་གྱི་ཁྲིམས་ཡིག་ཡིན་དགོས་སྐོར་བཀོད་ཡོད་སྐོར་འགྲེལ་བརྗོད་བྱས་ཡོད་འདུག

མཐའ་མཇུག་དེར་ཚོགས་སྡེ་ ༨༦ གིས། ང་ཚོས་རྒྱ་ནག་མི་མང་འཐུས་མིའི་ཚོགས་ཆེན་གྱི་རྒྱུན་ལས་ཚོགས་ཆུང་ནས་ཧོང་ཀོང་དང་འབྲེལ་བའི་རྒྱལ་ཁབ་ཀྱི་བདེ་སྲུང་ཁྲིམས་འཆར་དེ་གཏན་འབེབ་བྱ་རྒྱུའི་འཆར་གཞི་ཕྱིར་འཐེན་དགོས་པའི་འབོད་སྐུལ་ཞུ་བཞིན་ཡོད། གང་ཡིན་ཟེར་ན། ད་ལྟའི་ཁྲིམས་འཆར་གྱི་མ་ཟིན་དང་འདས་པའི་ཉམས་མྱོང་ལ་གཞིགས་ནའང་རྒྱ་ནག་གི་བདེ་སྲུང་ཁྲིམས་ཡིག་དང་། དེ་ཉིད་ལག་བསྟར་བྱེད་ཚུལ་གང་ཡིན་ཡང་། རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཁྲིམས་སྒྲིག་གནས་ཚད་དང་མཐུན་གྱི་མེད་པ་མངོན་གསལ་ཡིན་སྐོར་བརྗོད་ཡོད་འདུག

རྒྱ་ནག་གི་མི་མང་འཐུས་མིའི་ཚོགས་ཆེན་སྐབས་ ༡༣ པའི་གྲོས་ཚོགས་ཚོགས་ཐེངས་ ༣ པའི་ཐོག་ཧོང་ཀོང་གི་རྒྱལ་ཁབ་བདེ་འཇགས་ཁྲིམས་འཆར་བཏོན་པའི་རྐྱེན་གྱིས། ཧོང་ཀོང་ནང་དམངས་གཙོ་དོན་གཉེར་བ་སྟོང་ཕྲག་འགས་རྔམ་སྟོན་ཁྲོམ་སྐོར་ལས་འགུལ་སྤེལ་ཡོད་པ་མ་ཟད་། ཨ་རི་དང་ཐའེ་ཝན་གཙོས་པའི་དབྱིན་ཡུལ་དང་། ཨོ་གླིང་། ཁེ་ན་ཌ་སོགས་ནས་བློ་འཚབ་དང་སྐྱོན་བརྗོད་དྲག་པོ་བྱས་ཡོད་ཅིང་། འདི་ལོའི་ཕྱི་ཟླ་ ༥ ཚེས་ ༢༤ ཉིན་འཛམ་གླིང་རྒྱལ་ཁབ་ ༢༣ གྱི་ཆབ་སྲིད་མགོ་འཁྲིད་རྒན་གྲས་དང་གྲོས་ཚོགས་འཐུས་མི་ ༡༨༦ ལྷག་གིས་མཉམ་འབྲེལ་ཐོག་ནས་ཡོངས་ཁྱབ་བསྒྲགས་གཏམ་སྤེལ་ཏེ། ཁྲིམས་ཡིག་དེ་ནི་རྒྱ་གཞུང་དང་དབྱིན་གཞུང་གིས་མཉམ་འབྲེལ་ཐོག་བཞག་པའི་ཕྱི་ལོ་ ༡༩༩༧ ལོའི་ཡོངས་ཁྱབ་གསལ་བསྒྲགས་དང་འགལ་ཟླར་གྱུར་ཡོད་ལ། གལ་ཏེ་ཁྲིམས་ཡིག་དེ་གཏན་འབེབ་བྱུང་ཚེ་ཧོང་ཀོང་ནང་མང་ཚོགས་ཀྱི་གཞུང་རྒོལ་ལས་འགུལ་སྔར་བས་ཤུགས་ཆེ་བ་འབུད་ངེས་ཡིན་པའི་ཉེན་བརྡ་བཏང་ཡོད་པ་རེད། ཡིན་ན་ཡང་ཕྱི་ཟླ་ ༥ ཚེས་ ༢༨ ཉིན་སྟེ། རྒྱ་ནག་འཐུས་མིའི་ཚོགས་ཆེན་གྱི་ཉིན་མཐའ་མར་ཁྲིམས་འཆར་དེར་ཚད་མཐོའི་རྒྱབ་སྐྱོར་ཐོབ་སྟེ། ཚོགས་ཆེན་ནང་རྒྱབ་སྐྱོར་གཏན་འབེབ་བྱས་ཏེ་ཚོགས་ཆེན་གྱི་རྒྱུན་ལས་ཚོགས་ཆུང་ལ་བཏང་སྟེ། སང་ཉིན་ཐག་གཅོད་བྱེད་དགོས་ཀྱི་ཡོད་འདུག

ཡོངས་བསྒྲགས་འཕྲིན་ཡིག་གི་འབྲེལ་ཐག https://download.amnesty.org.hk/20200617_natsec%20joint%20letter_EN.pdf

 

བསྐྱར་བཅོས།: ༢༠༢༠/༠༦/༡༧

Leave a Reply