རྒྱ་དཀར་ནག་བར་གྱི་དམར་འཛིང་ཁྲོད་ཕྱོགས་གཉིས་ཀར་ཤི་རྨས་ཆེན་པོ་བྱུང་།

བོད་ཧིན་ས་མཚམས་ཀྱི་འཐབ་འཁྲུག་ཁྲོད་རྒྱ་གར་དབུས་གཞུང་ནས་རྒོལ་ལན་སློག་པར་རང་དབང་ཆ་ཚང་སྤྲོད་པའི་ཛ་དྲག་ཐག་གཅོད་གནང་ཡོད་འདུག

དེ་རིང་ཕྱི་ཚེས་ ༡༧ ཉིན་གྱི་སྔ་དྲོར་རྒྱ་གར་གསར་ལམ་ཁག་ཏུ་སྤེལ་བའི་གནས་ཚུལ་ལྟར་ན། རྒྱ་གར་དབུས་གཞུང་ནས་ས་མཚམས་ཀྱི་གནས་སྟངས་ལ་གཞིགས་ཕར་རྒོལ་བྱེད་པར་རང་དབང་ཆ་ཚང་ཡོད་པའི་ཛ་དྲག་ཐག་གཅོད་གནང་ཡོད་འདུག་ལ། ཕྱི་ཚེས་ ༡༥ ཉིན་གྱི་དམར་འཛིང་དོན་རྐྱེན་ཁྲོད། རྒྱ་གར་གྱི་དམག་སྡེའི་དཔོན་རིགས་གཅིག་ཚུད་པའི་དམག་མི་ཉི་ཤུ་ལ་ཤི་རྨས་བྱུང་ཡོད་སྐོར་བརྗོད་འདུག རྒྱ་ནག་གཞུང་ཕྱོགས་ནས་ཤི་རྨས་ཅི་བྱུང་གི་གནས་ཚུལ་ཕྱིར་བསྒྲགས་བྱས་མེད་ཀྱང་། ཨ་རིའི་གསང་བའི་ལས་ཁུངས་ནས་རྒྱ་ནག་གི་དམག་མི་ ༣༥ ལ་ཤི་རྨས་བྱུང་ཡོད་སྐོར་བརྗོད་འདུག་ལ། ཡང་རྒྱ་གར་གྱི་གསར་ཁང་(ANI)གིས་རྒྱ་ནག་གི་དམག་མི་ ༤༣ ལ་ཤི་རྨས་བྱུང་ཡོད་སྐོར་བསྒྲགས་འདུག

གནད་དོན་དེ་དང་འབྲེལ་ནས་དེ་རིང་ཕྱི་དྲོར་རྒྱ་གར་སྲིད་བློན་མུ་དྷི་མཆོག་གིས་མངའ་སྡེ་ཁག་གི་བློན་ཆེན་ལྷན་ཚོགས་ཐོག དོན་རྐྱེན་ཁྲོད་འདས་གྲོངས་སུ་སོང་བའི་རྒྱ་གར་གྱི་དམག་མི་ཚོའི་ཚེ་སྲོག་བློས་གཏོང་ཆུད་ཟོས་སུ་འགྲོ་བ་མ་རེད་ལ། རྒྱ་གར་གྱིས་ཕྱོགས་གཉིས་བར་ཞི་བདེ་ཡོང་རེ་བྱེད་ཀྱི་ཡོད་ལ། གལ་ཏེ་མུ་མཐུད་འཁྲུག་རྐྱེན་བསླངས་བ་ཡིན་ན་རྒྱ་གར་ལ་ཡ་ལན་སློག་པའི་ནུས་པ་ཡོད་སྐོར་གསུངས་སོང་ལ། དེ་ནི་སྲིད་བློན་མཆོག་ནས་རྒྱ་དཀར་ནག་གི་ས་མཚམས་དམར་འཛིང་བྱུང་རྗེས་དེའི་སྐོར་ལ་ཡོངས་ཁྱབ་གསུང་བཤད་གནང་བ་ཐོག་མ་དེ་ཆགས་ཡོད་པ་རེད།

ཡང་རྒྱ་གར་གྱི་མཐོ་རིམ་མགོ་འཁྲིད་ཅིག་གིས་རྒྱ་གར་བང་ཆེན་གསར་ཁང་ལ་འགྲེལ་བརྗོད་བྱས་པའི་ནང་། ད་ལྟའི་ཆར་ཕྱོགས་གཉིས་བར་འགྲིག་མཐུན་དང་དོན་རྐྱེན་གནད་དོན་ཞི་འཇགས་ཡོང་བའི་གྲོས་མོལ་འགྲོ་བཞིན་ཡོད་ཀྱང་། རྒྱ་ནག་གི་ཕྱོགས་ནས་རྣམ་འགྱུར་ཡག་པོ་ཡོང་གི་མེད་སྟབས་ང་ཚོའི་ངོས་ནས་དམག་ཤུགས་ཆེ་རུ་བཏང་སྟེ། རྒྱ་ནག་ཕྱོགས་ནས་བསམ་ཤེས་ཐུབ་པ་ཞིག་བྱེད་ཀྱི་ཡིན་ལ། རྒྱ་གར་དབུས་གཞུང་གིས་ས་མཚམས་དམག་མི་ཚོར་རྒྱ་ནག་གི་བཙན་འཛུལ་ལ་ཕར་རྒོལ་བྱེད་པར་རང་དབང་ཆ་ཚང་ཡོད་པའི་ཛ་དྲག་ཐག་གཅོད་བྱས་ཡོད་པ་དང་། གནད་དོན་དེས་ས་མཚམས་དམག་དཔུང་གི་ནུས་པ་ཆེ་རུ་བཏང་ཡོད་སྐོར་བརྗོད་འདུག

རྒྱ་གར་གྱི་དེ་སྔའི་དམག་སྤྱི་ཟུར་བ་ཝེ་དྷི་པི་རེ་ཤི་མྰ་ལེ་ཀི་(Ved Prakash Malik)ཡིས། ཕྱོགས་གཉིས་ཀྱི་དམག་མིའི་བར་དམར་འཛིང་བྱུང་སྐབས་རྒྱ་ནག་ཕྱོགས་ནས་ཐོག་མར་ལག་འགུལ་ཡོད་པ་དང་། ལྟས་ཚོད་ལ་རྒྱ་ནག་ཕྱོགས་ནས་སྔོན་ཚུད་ནས་གྲ་སྒྲིག་བྱས་ཡོད་པ་དང་། རྒྱ་ནག་གིས་གྷལ་ཝན་ས་ཁུལ་ལ་མུ་མཐུད་བཙན་འཛུལ་བྱེད་འདོད་ཀྱི་རྣམ་འགྱུར་ཡོད་པས། རྒྱ་གར་ཕྱོགས་ནས་རྒྱ་ནག་གི་དྲག་ཤུགས་ལ་ཡ་ལན་སློག་པའི་གྲ་སྒྲིག་ཆ་ཚང་བྱས་ཟིན་པ་དང་། ད་ལྟའི་ཆར་ཕྱོགས་གཉིས་བར་དམག་གི་གྲོས་མོལ་འགྲོ་བཞིན་ཡོད་ཀྱང་གནས་སྟངས་དེ་དེ་འདྲ་བྱས་ཏེ་སེལ་མི་ཐུབ་པས། ངེས་པར་དུ་ཕྱོགས་གཉིས་ཀྱི་མཐོ་རིམ་འབྲེལ་ལམ་ནས་སེལ་ཐབས་བྱ་དགོས་སྐོར་བརྗོད་ཡོད་ཀྱང་། རྒྱ་ནག་ཕྱོགས་ནས་ཐེངས་འདིའི་དོན་རྐྱེན་ཐོག་མར་སློང་མཁན་རྒྱ་གར་ཕྱོགས་ནས་ཡིན་པ་དང་། གྷལ་ཝན་ས་ཁུལ་ནི་དུས་ནམ་ཡང་རྒྱ་ནག་གི་ཆ་ཤས་ཡིན་ན་ཡང་རྒྱ་གར་དམག་གིས་བཙན་འཛུལ་བྱས་ཡོད་སྐོར་བརྗོད་ཡོད་འདུག

རྒྱ་གར་བདེ་སྲུང་བློན་ཆེན་ སྐུ་ཞབས་རཱ་རྗི་ནཱ་ཏི་སཱང་(Rajnath Singh)མཆོག་གིས་རྒྱལ་ཁབ་ཀྱི་དོན་རྐྱེན་ཁྲོད་འདས་གྲོངས་སུ་སོང་བའི་དཔའ་བོ་ཚོ་ནམ་ཡང་བརྗེད་རྒྱུ་མིན་པའི་མྱ་ངན་ཞུ་ཡིག་བྲིས་ཡོད་འདུག་ལ། རྒྱ་གར་བ་མང་པོས་རྒྱ་ནག་གི་མགོ་འཁྲིད་ཞི་ཡི་པར་མེར་བསྲེགས་ནས་ངོ་རྒོལ་བྱས་དང་བྱེད་བཞིན་ཡོད་པ་མ་ཟད། རྒྱ་གར་གྱི་མི་མང་པོས་མུ་དྷི་སྲིད་གཞུང་གིས་དོན་རྐྱེན་དེའི་ཐད་ཕྱི་གསལ་ནང་གསལ་གྱི་སྐད་ཆ་བཤད་དགོས་སྐོར་བརྗོད་བཞིན་ཡོད་པ་དང་།  ཀོང་རི་སི་ཚོགས་པའི་ར་ཧོལ་གྷན་རྡི་ལགས་ཀྱིས་མུ་དྷི་ག་རེ་བྱས་ནས་ཁུ་སིམ་མེར་བསྡད་ཡོད་པ་དང་། སྲིད་གཞུང་གིས་རྒྱལ་ཡོངས་ལ་དོན་རྐྱེན་དེའི་སྐོར་དྲང་པོའི་ལམ་ནས་བཤད་དགོས་པ་དང་། འཇིགས་སྐྲག་སྐྱེས་ས་གང་ཡང་མེད་སྐོར་སོགས་བརྗོད་འདུག

གསར་འགོད་པ། སངས་རྒྱས་དཀོན་མཆོག

བསྐྱར་བཅོས།: ༢༠༢༠/༠༦/༡༧

Leave a Reply

One thought on “རྒྱ་དཀར་ནག་བར་གྱི་དམར་འཛིང་ཁྲོད་ཕྱོགས་གཉིས་ཀར་ཤི་རྨས་ཆེན་པོ་བྱུང་།

  1. བསོད་ནམས་རྒྱལ་མཚན།

    ཝཻ། དུས་བབ་ཚང་། ཁྱེད་ཚོ་ལས་མི་ཚོ་རྒྱལ་ཚོང་པ་མིན་ན་ ད་ལྟ་ ཧིན་བོད་ས་མཚམས་མ་རེད། བོད་ཀྱི་ས་ཐོག་ལ་ཞི་མི་དཀར་ནག་གཉིས་ཧམ་ཐབས་བྱེད་པ་རེད། གནང་འདུག་དང་། གསུངས་སོང་ལ། ཧ་ལམ་མ་སོང་ན་རྒྱ་གར་བོད་དོན་ཐོག་ལ་ཐབས་པ་ནང་བཞིན། བྱེད་ཤག ལབ་ཤག་ཟེར་ནས་བཀོད་དགོས། ཀོང་རི་སི་ཚོགས་པའི་ར་ཧུལ་གཱན་དྷི་ལགས་ཀྱིས་མོ་དྷི་ག་རེ་བྱས་ནས་ཁུ་སིམ་མེར་བསྡད་ཡོད་པ་དང་། སྲིད་གཞུང་གིས་རྒྱལ་ཡོངས་ལ་དོན་རྐྱེན་དེའི་སྐོར་དྲང་པོའི་ལམ་ནས་བཤད་དགོས་པ་དང་ མོ་དྷི་ ཁུ་སིམ་མེར་དེ་ ? ! རྒྱ་གར་རྒྱལ་སྤྱི་སྟེང་ཁ་གདངས་ཡ་དེ་རེད། བོད་དེ་སྔ་མོ་ནས་རང་བཙན་རྒྱལ་ཁབ་ཞིག་རེད། དོན་རྐྱེན་དེའི་སྐོར་དྲང་པོའི་ལམ་ནས་བཤད་དགོས་པ་དེ་ ? ! Tibet is Not Part of China དེ་རེད། རྒྱ་དམར་ད་བར་རྒྱ་གར་ས་ཐོག་ལ་སླེབ་མྱོང་མེད། དེ་བཞིན་རྒྱ་གར་ཀྱང་རྒྱ་དམར་ས་ཐོག་ལ་སླེབ་མྱོང་མེད། ཁོངཚོ་གཉིས་ག་དུས་ཡིན་ན་ཧམ་བརྩོད་དང་དམག་ཐབས་བྱེད་ས་དེ་བོད་ཀྱི་ས་ཐོག་ལ་ཡིན།